༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་རེབ་གོང་རྩེ་གཞུང་སོ་ནག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཉིན་དེ་རང་དུ་འདས་གྲོངས་སུ་གྱུར་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་རེབ་གོང་རྩེ་ཁོག་སོ་ནག་དགོན་པའི་ཉེ་འཁྲིས་སུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་གྱི་མཚན་ལ་འཇིགས་མེད་བསྟན་འཛིན་ཞུ་བ་དང་རང་ལོ་ ༢༧་་་་༢༩ ཙམ་ཡིན་འདུག་ཅིང་། ཕ་མིང་དུ་ལྷ་སྐྱབས་རྒྱལ། མ་མིང་གཡང་ཁོ་ཡིན་འདུག་པ་དང་། རེབ་གོང་རྩེ་གཞུང་སོ་ནག་ཚོ་བ་ལྔ་ཡོད་པའི་ནང་གི་རྔ་དཀར་ཚོ་བ་ནས་ཡིན་འདུག དམ་པ་ཁོང་གིས་སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་སྲེག་བཏང་བ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཤེས་ཏེ་སོ་ནག་དགོན་པའི་ནང་གདན་འདྲེན་ཞུས་རྗེས་ཅང་མ་འགོར་བར་འདས་གྲོངས་སུ་གྱུར་འདུག
གནས་ཚུལ་དེ་ས་གནས་ཉེན་རྟོག་པས་ཤེས་ཏེ་དགོན་པར་དམ་བསྒྲགས་བྱས་ཡོད་པ་མ་ཟད། དགོན་པའི་དགེ་འདུན་པ་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁུངས་སྣེ་མ་རག་པར་དགེ་འདུན་པ་ཁག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། ཁག་གཅིག་མུ་མཐུད་ཁུལ་དང་རྫོང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག་པ་དང་། དགོན་པར་གནས་སྐབས་རིང་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་རྒྱུའི་བཙན་བཀའ་བཏང་སྟེ་དམ་བསྒྲགས་བྱེད༌བཞིན་ཡོད་འདུག ཉིན་དེ་ནས་བཟུང་རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་བརྡ་འཕྲིན་སོགས་བཀག་འགོག་གིས་གནས་ཚུལ་ཕྱི་ལ་ཐོན་མི་ཐུབ་པ་བཟོས་ཡོད་འདུག
དམ་པ་འཇིགས་མེད་བསྟན་འཛིན་ལགས་ནི་མདོ་སྨད་རེབ་གོང་རྩེ་གཞུང་(རྩེ་ཁོག་ཀྱང་འབོད།) སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་ཡིན་པ་དང་། དེ་སྔ་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་ལོ་བཅུའི་རིང་ལ་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་འདུག དམ་པ་ཁོང་ནི་ནམ་རྒྱུན་ཉམ་ཆུང་ཚུལ་མཐུན་དང་སྙིང་སྟོབས་ཅན་དཀར་ཟས་ཁོ་ན་བརྟེན་མཁན་ཞིག་ཡིན་འདུག
ཁོང་གིས་ཕྱི་ཟླ་ ༣ པའི་ཚེས་ ༡༦ དང་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་རྩེ་ཁོག་སོ་ནག་དགོན་པའི་ཉེ་འཁྲིས་སུ་རང་ལུང་མེར་སྲེག་བཏང་རྗེས་དགོན་པར་དམ་བསྒྲགས་བྱས་ཡོད་པ་དང་། ཁོང་འདས་གྲོངས་སུ་གྱུར་བའི་རྗེས་ཁོང་གི་སྤུན་མཆེད་གཉིས་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ཁོང་གི་ཕ་བཀག་ཉར་བྱས་རྗེས་ད་དུང་གློད་བཀྲོལ་བཏང་མེད་པ་རེད། སོ་ནག་དགོན་པའི་དགེ་འདུན་པ་ཁག་གཅིག་ལ་དྲག་ཆས་དམག་མིས་ཉེས་རྡུང་བཏང་ཡོད་པ་མ་ཟད། དགེ་འདུན་པ་དགོན་པའི་ཕྱི་ལོག་ཏུ་འགྲོ་མི་ཐུབ་པ་དང་། དགོན་པའི་ནང་མཆོད་མཇལ་པའང་གཏོང་གི་མེད་པ་རེད།
སོ་ནག་དགོན་དགའ་ལྡན་བཀྲིས་ཆོས་གླིང་ནི་རེབ་གོང་གྲོང་ཁྱེར་གྱི་རྩེ་གཞུང་གི་ལྷོ་ཕྱོགས་ཏེ། རྒྱ་ནག་གཞུང་གིས་རྩེ་ཁོག་རྫོང་བྱ་དར་ཞང་ཞེས་འབོད་པའི་སོ་ནག་སྡེ་བའི་རྩེ་འགྲམ་རྩ་བ་རིང་དུ་ཆགས་ཡོད། ཕྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་ཤིང་། དེ་ནས་བཟུང་གུར་མཚམས་པ་འགའ་འདུས་སྡོད་བྱུང། ཕྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་རྒྱ་སྐྱེད་གནང་སྟེ་དེང་སང་དགེ་འདུན་པ་དགུ་བཅུ་ལྷག་ཡོད་འདུག
༼གནས་ཚུལ་ཡོང་ཁུངས་ཁ་ཤས་ནས་ཁོང་ནི་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་འདུན་པ་ཡིན་པ་ལས་སོ་ནག་དགོན་གྱི་དགེ་འདུན་པ་མིན་པའི་གནས་ཚུལ་འདུག༽