༢༠༡༤ ཟླ་ ༣ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༢ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་དང་པོའི་སྐབས་སྤྱི་མོས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་བཞག་པ་གཤམ་གསལ།
སྔོན་གླེང།
༄༅། །རྒྱ་ནག་གཞུང་གིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་ཏེ། བོད་མི་མང་ཞིང་བྲན་ཁྲི་ཚོ་བརྒྱ་བོད་ཀྱི་མངའ་བདག་ཆེན་མོ་གསུམ་གྱི་གཉའ་གནོན་གྱི་འོག་ནས་དངོས་སུ་བཅིངས་འགྲོལ་བཏང་ཚུལ་སོགས་ཀྱི་ཕྱི་མཛེས་གཡོ་རྫུས་ཀྱི་བསླུ་བྲིད་བྱེད་ཐབས་འབའ་ཞིག་བྱེད་ནའང་། དོན་དངོས་ཐོག་བོད་ཡུལ་འདི་ཉིད་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཏེ། ཆབ་སྲིད་ཀྱི་དྲག་གནོན་དང་། མི་རིགས་དང་དཔལ་འབྱོར་ཐོག་དབྱེ་འབྱེད། ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་གཏོར་ཚད་མེད་བཏང་དང་གཏོང་བཞིན་པའི་ཆེས་གདུག་རྩུབ་དང་མཁྲེགས་འཛིན་གྱི་སྲིད་བྱུས་རབས་དང་རིམ་པ་སྤེལ་བའི་ཉེར་ལེན་ལ་བརྟེན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་འགོ་འཛུགས་ཀྱིས་རིམ་པས་ཆོལ་གསུམ་ས་ཁུལ་ཕལ་མོ་ཆེར་བོད་མི་ཁྲི་ཚོ་མང་པོས་ཆེས་གཞི་རྒྱ་ཆེ་བའི་ཡར་ལངས་ཞི་རྒོལ་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ཡི་ལོ་ནས་བཟུང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༦ པ་བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༢༠ བྱུང་ཡོད་པ་དང་། དེ་རྗེས་བོད་མི་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༦ གིས་བློས་གཏོང་ཆེན་པོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིར་རང་དབང་དགོས་འདུན་གྱི་སླད་དུ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་ཚད་མཐོའི་འཚེ་མེད་ཞི་བའི་ངོ་རྒོལ་ཤུགས་ཆེན་གནང་ཡོད།
འོན་ཀྱང་རྒྱ་གཞུང་ནས་ཁོང་རྣམས་ཀྱི་རེ་འདུན་ལ་གཟུར་གནས་དཔྱད་ཞིབ་དང་བསམ་གཞིགས། བོད་ཀྱི་དངོས་ཡོད་གནས་བབ་དང་མཐུན་པའི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་འོས་འཚམས་ཤིག་ལག་བསྟར་བྱ་རྒྱུའི་ཚབ་ཏུ། མཐའ་གཅིག་ཏུ་དཔལ་འབྱོར་གྱི་བསླུ་བྲིད་གང་ནུས་ཀྱི་གཡོ་སྒྱུ་དང་། དྲག་པོའི་དམག་དང་གོ་མཚོན་གྱི་མགོ་གནོན་འབའ་ཞིག་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་ནི་ད་ལྟའི་དུས་རབས་དང་དངོས་ཡོད་གནས་སྟངས་གང་དང་ཡང་གཏན་ནས་མི་མཚུངས་པའི་རྗེས་ལུས་ཀྱི་མངོན་རྟགས་ཡིན།
འདས་པའི་ཟླ་དྲུག་གི་ནང་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འབྲི་རུ། བྲག་མགོ འཛམ་ཐང་། སོག་རྫོང་བཅས་ལ་རྒྱ་གཞུང་གི་མ་ཉེས་ཁ་གཡོག་གི་སྲིད་བྱུས་འོག་བོད་མི་མང་དག་ཅིག་ལ་བཙོན་འཇུག་བཀག་ཉར་དང་དེ་མིན་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ཇི་ཙམ་བསད་ཡོད་མེད་དང་། བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་དཀའ་ལ། བོད་མི་འདས་གསོན་གང་ཡིན་དང་། ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་དེ་བས་ཀྱང་ཤེས་རྟོགས་དཀའ་བར་འགྱུར་བཞིན་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གི་ཡིག་ཆའི་ནང་འཁོད་པར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འོག་ཏུ་ཚུད་པའི་བོད་མི་གྲངས་ ༩༢༠ ཙམ་ཟིན་འདུག གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་སྤེལ་རིམ་བཞིན་བྱེས་སུ་འཁོད་པའི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ། མི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཐོག སྐབས་ ༡༤ པ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་ལ། རྒྱལ་སྤྱིའི་ཁྱོན་ནས་ཀྱང་བོད་དོན་ཐོག་རྒྱལ་ཁབ་མང་པོས་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དུ་དམ་དྲག་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་ཡོད། བོད་ནང་གི་ད་ལྟའི་དཀའ་སྡུག་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་བཅས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།
གྲོས་ཆོད།
༡༽ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལྟོས་བཅས་ནང་མི་ཡོངས་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་པ་ཚོའི་སྙིང་སྟོབས་དང་། དཔའ་མཛངས་ལ་གྲོས་ཚོགས་འདི་ཐོག་ནས་བསྔགས་བརྗོད་དང་འབྲེལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།
༢༽ རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་ནས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་དགོས་འདུན་ལྟར་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་སླད་འབྲེལ་མོལ་འཕྲལ་དུ་འགོ་འཛུགས་དགོས་པ་ནན་བསྐུལ་བྱ་རྒྱུ་ཡིན།
༣༽ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློོ་འཚབ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོའི་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་ལྷག་ཡོང་བ་ཞུ་རྒྱུ།
ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བ་དང་། བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་གི་བློ་སྤོབས་ཆེར་བསྐྱེད་ཡོང་བའི་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ལ།།
གྲོས་འཆར་འདོན་མཁན་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས།
རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།