༢༠༡༤ ཟླ་ ༣ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཆོད་ ༣ ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སིམ་ལར་རྟེན་གཞི་བྱས་པའི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྩོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། སྔ་འགྱུར་བསྟན་པའི་མངའ་བདག་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་འདུས་སྤྱི་ནས་སེར་སྦྲེངས་དང་བཅས་ཨོ་རྒྱན་འཕྲིན་ལས་ཐེག་མཆོག་པདྨ་གླིང་འདུ་ཁང་ཆེན་མོར་གདན་འདྲེན་ཞུས་གྲུབ་བསྟུན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
འདི་གར་རྩེ་སྤྲུལ་རིན་པོ་ཆེ་དགུང་ལོ་བགྲེས་པོ་དང་སྐུ་གཟུགས་ཀྱི་བབ་ཞན་པོ་ཡིན་ནའང་ད་བར་སྐུ་ཚེའི་མཛད་འཕྲིན་རྒྱས་ཐག་ཆོད་བྱུང་ཡོད། དེར་བརྟེན་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ནའང་བསྟན་པ་ཉག་ཕྲ་བའི་སྐབས་འདིར་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ཐོག་ནས་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་འཚོ་རྒྱུའི་རིན་པོ་ཆེ་རང་གིས་ཕན་པ་གཏོང་གནང་རོགས། ཐེངས་འདིར་ངོས་རང་སིམ་ལ་གཙུག་ལག་སློབ་གྲྭས་སྐད་བཏང་བ་རེད། མ་གཞི་སིམ་ལར་ཐེངས་གཅིག་འགྲོ་དགོས་བསམ་པ་དྲན་ནས་སྡོད་སྐབས་དེ་རིང་འདིར་བསླེབས་ཐུབ་ཡོད། རིན་པོ་ཆེས་ས་ཆ་གཡང་ས་སྦུག་སུབ་དོག་པོ་འདིར་འཛུགས་སྐྲུན་རྒྱ་སྐྱེད་གནང་ནས་ཧ་ཅང་ཡག་པོ་བྱུང་འདུག སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་གཉིས་༸གོང་ས་ལྔ་པའི་སྐབས་ནས་ཐུན་མོང་མ་ཡིན་པ་ཆགས་ཡོད། གཏེར་བདག་གླིང་པ་དང་། རིག་འཛིན་དཔལ་སྦྱིན་གཉིས་གསང་བ་རྒྱ་ཅན་གྱི་ཆོས་བདག་ལྟ་བུ་ཆགས་ཡོད། ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ད་ཆ་ང་ཚོ་བྱེས་ལ་འཁོད་ནས་སྨིན་གྲོལ་གླིང་སྡེ་ར་ལྡུན་དང་། རྡོ་རྗེ་བྲག་འདིར་བཙུགས་ཡོད། གང་ལྟར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་ས་ཆ་འདིར་ཆ་བཞག་ནའང་སྟོང་པར་འཇོག་རྒྱུ་མ་རེད། ས་ཆ་འདིར་རིན་པོ་ཆེས་ཞལ་སློབ་བྱས་ཏེ་གར་ཞྭ་ཁུ་ནུ། སྤྱི་ཏི་བཅས་ཧི་མཱ་ལ་ཡི་རི་རྒྱུད་ནས་བསྟན་པའི་གཞི་མ་ལྟ་བུ་བཙུགས་ཡོད། ངོས་ཀྱིས་དུས་རྒྱུན་དུ་སྟོན་པའི་དམ་ཆོས་རྣམ་གཉིས་དེ། ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་དང་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོག་ལ་འཆད་ཉན་དང་སྒོམ་སྒྲུབ་བྱེད་རྒྱུར་བཤད་པ་དང་བསྒྲུབ་པ་ཁོ་ན་ཡིན་ཞེས་གསུངས་ཡོད། ཁོ་ནའི་གཞན་ལྡན་རྣམ་བཅད་བསྟན་པ་རེད། ཅེས་བརྗོད་ཀྱི་ཡོད།
དེར་བརྟེན་གཙོ་བོ་དགེ་འདུན་པ་ཚོས་ཕྱག་དཔེ་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སེང་ངོས་ཀྱིས་རྣམ་གྲོལ་གླིང་དུ་གྱང་ཁང་རིན་པོ་ཆེས་གཙོས་འབྲེལ་ཡོད་འགའ་ཤས་དང་སྐད་ཆ་བྱུང་། མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ནམ་རྒྱུན་ཆེད་གཉེར་མཛད་ཀྱི་ཡོད། ཚད་ཆེན་གྱི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྟ་མཁན་ཞེ་དྲག་ཉུང་ཉུང་རེད། ས་སྐྱའི་ནང་ཕལ་ཆེར་དཀོན་པོ་རེད། གདན་ས་ཚོའི་ནང་དུའང་རིག་པ་ཡག་པ་འགའ་ཤས་མ་གཏོགས་གཞན་ལྟ་མཁན་ཉུང་ཉུང་རེད། དེར་བརྟེན་པད་ནོར་རིན་པོ་ཆེའི་རྣམ་གྲོལ་གླིང་དགོན་པར་ཞི་འཚོ་ཡབ་སྲས་ཀྱི་ཚད་ཆེན་རྩ་འགྲེལ་ལྟ་ཐུབ་ན་ཡག་པོ་ཡོད། ཅེས་བརྗོད་རྒྱུ་བྱུང་། ད་ལྟ་ལོ་དགུའི་རིང་སློབ་གཉེར་བྱེད་པ་དེའི་ཐོག་ལོ་གསུམ་ཁ་སྣོན་བྱས་ནས་ལོ་བཅུ་གཉིས་བཟོས་ན་ཡག་པོ་ཡོད་ཅེས་ཞུ་རྒྱུ་བྱུང་།
ད་ལན་ཡང་བསྐྱར་གྱང་ཁང་རིན་པོ་ཆེ་ཐུག་སྐབས་གཏན་འབེབས་བྱ་རྒྱུ་ཡིན། ཞེས་གསུངས་བྱུང་། གང་ལྟར་གཞུང་འདི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། རྣམ་རྒྱལ་གྲྭ་ཚང་ལ་ཆ་བཞག་ནའང་འདྲ། རྒྱུད་གྲྭ་སྨད་སྟོད་དགེ་བཤེས་ཚོ་གནས་ཚུལ་ཐ་དད་རེད་མ་གཏོགས་གཞོན་སྐྱེས་ཚོས་དེ་སྔ་དཔེ་ཆ་ལྟ་གི་མེད། གཞུང་ཆེན་ལྟ་གི་མེད། ཕྱིས་སུ་ངོས་ཀྱིས་གཞུང་ཆེན་ལྟ་དགོས་པ་དང་རིགས་ལམ་སློབ་དགོས་བརྗོད་པ་ཡིན། དེ་སྔ་ལོ་གཅིག་གཅིག་རེད། ད་ཕལ་ཆེར་ལོ་བཞི་བཅུ་ཙམ་གོང་ལ་རེད། བཙུན་མའི་དགོན་པ་ཚོས་ད་ཆ་དཔེ་ཆ་ལྟ་བ་མ་ཟད། རྟགས་གསལ་བཏང་ནས་ཡག་ཐག་ཆོད་ཡོད། ལོ་གཉིས་གོང་དཔེ་ཆ་ལོ་བཅུ་བདུན་བལྟས་རྗེས་དགེ་བཤེས་མ་འཇོག་རྒྱུའི་ལམ་སྲོལ་ཞིག་གཏན་འབེབས་བྱས་ཡོད། རྒྱ་གར་ནང་དུ་ང་ཚོས་འདི་འདྲ་ཞིག་བྱེད་ཐུབ་པ་མ་ཟད། བོད་ནང་དུའང་དཀར་མཛེས་ཁུལ་དུ་བཙུན་མའི་དགོན་པ་འགའ་ཤས་ནས་དཔེ་ཆ་དང་ཚན་ཉིད། དེ་བཞིན་གཞུང་ཆེན་བལྟ་རྒྱུ་བྱེད་བཞིན་འདུག རིས་མེད་ཀྱི་དགོན་པ་མང་པོ་ཞིག་གིས་གཞུང་ཆེན་ལྟ་རྒྱུར་དོ་སྣང་གསར་པ་ཞིག་བསླེབས་ནས་འཇང་དགུན་ཆོས་ཚོགས་རྒྱུར་ས་དགེ་བཀའ་རྙིང་གི་དགོན་པ་དེ་དག་ནང་རིས་མེད་ཀྱི་དཔེ་ཆ་ལྟ་དགོས་འདུག་ཅེས་ལམ་སྲོལ་རིམ་བཞིན་དར་ཡོད། ཕྱོགས་མཚུངས་རྒྱ་གར་ནང་བོད་མི་སྐྱ་བོ་ཕོ་མོ་ཚོས་ཀྱང་དཔེ་ཆ་དང་རིགས་ལམ་སློབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་དུའང་གཞི་ནས་དོ་སྣང་ཡོང་བཞིན་འདུག ཅེས་བཀའ་སློབ་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཨོ་རྒྱན་འཕྲིན་ལས་ཐེག་མཆོག་པདྨ་གླིང་འདུ་ཁང་ཆེན་མོར་རབ་གནས་སྩལ།