༢༠༡༤ ཟླ་ ༣ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཀུན་ཕན་བདེ་རྩ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཏཱཇ་གསོལ་མགྲོན་ཁང་ (Taj Hotel) དུ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་ཐོག་མར་ཏཱ་ལའི་བླ་མའི་ཀུན་ཕན་བདེ་རྩ་ཚོགས་པའི་འགན་འཛིན་སྐུ་ཞབས་རཱ་ཇིབ་མེ་རོ་ཏྲ་ Rajiv Mehrotra མཆོག་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཕྱི་རྒྱལ་གཞུང་ཚབ་པ་ཁག་གཅིག་བཅས་ཆོས་ཞུ་བ་གྲངས་ ༢༠༠ བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་དོན། དེ་རིང་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སླར་ཡང་གདན་འདྲེན་ཞུས་ཐུབ་པ་ནི་དགའ་སྤོབས་ཀྱི་གནས་ཤིག་ཡིན་པ་མ་ཟད། དགེ་བའི་འབྲས་བུ་འདི་སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུར་གྱུར་གཅིག་ཅེས་བསྔོ་བ་ཞུ་བཞིན་ཡོད། ཞེས་གསུངས་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ང་ཚོ་འདིར་སླར་ཡང་ཐུག་པར་ངོས་ཀྱིས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་ཀྱིས་ནམ་རྒྱུན་ངོས་རང་ནང་པའི་དགེ་སློང་ཞིག་དང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་ཁོངས་ནས་མི་གཅིག་ཡིན་པ་བརྗོད་ཀྱི་ཡོད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་ཡིན་པ་ལས་དེར་ཁྱད་པར་གང་ཡང་མེད། ང་ཚོ་ཚང་མས་བདེ་བ་འདོད་ཀྱི་ཡོད། བདེ་བ་བསྒྲུབ་པར་སེམས་ལ་ཞི་བདེ་བསྐྲུན་དགོས།
དེ་ལྟར་ཡོང་བར་སེམས་དང་སེམས་ཚོར་གྱི་རྣམ་གཞག་ཤེས་དགོས། ཞེས་བཀའ་སློབ་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་མ་དགོས་པའི་ཐོག་ནས་བཟང་སྤྱོད་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་སྐོར་བཀའ་སློབ་སྩལ་བ་མ་ཟད། ཆོས་ལུགས་ཐོག་ནས་བརྗོད་ནའང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཡིན་ནའང་འདྲ། ཡང་ན་ནང་པ་སངས་རྒྱས་པ་དང་གཅེར་བུ་བ་ལྟ་བུ་ལས་འབྲས་འདོད་མཁན་གྱི་ལྟ་གྲུབ་རྣམ་གཞག་དེ་དག་གིས་སེམས་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཡོད་སྐོར་བཀའ་སློབ་སྩལ་དོན། ནང་པ་སངས་རྒྱས་པ་གཅིག་པུར་ཆ་མཚོན་ནའང་པཱ་ལིའི་གཞུང་ནས་གསུངས་པ་དེ་རྨང་གཞི་དང་དེའི་སྟེང་ལེགས་སྦྱར་གཞུང་ནས་གཙོ་བོ་མཐའ་མེད་པའི་སྙིང་རྗེ་དང་བདེན་པ་ཉིད་ཀྱི་རྣམ་གཞག་སོགས་གཙོ་བོར་བསྟན་ཡོད། ཅེས་བཀའ་སློབ་སྩལ་རྗེས་༸གོང་ས་མཆོག་གིས་དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་མཛད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་གསོལ་འདེབས་ལྗགས་རྩོམ་མཛད་པའི་སྐོར་བཀའ་སློབ་སྩལ་དོན། གསོལ་འདེབས་འདིའི་ནང་དཔལ་ན་ལེནྡྲའི་མཁས་པའི་ཁྱུ་མཆོག་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ལྷ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང། ཆོས་གྲགས། ཡོན་ཏན་འོད། ཤཀྱཱ་འོད། བཅས་རྒྱན་དྲུག་མཆོག་གཉིས་ཙམ་མ་ཟད། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། སློབ་དཔོན་ཞི་བ་ལྷ། སློབ་དཔོན་ཞི་བ་འཚོ། ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེང་གེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ བཅས་ལའང་བསྟོད་ཡོད། ངོས་ཀྱིས་དུས་རྒྱུན་ཁོང་རྣམས་ན་ལེཎྜའི་གཙུག་ལག་སློབ་དཔོན་ཞེས་ཞུ་བཞིན་ཡོད། ཁོང་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཐོག་ལེགས་སྐྱེས་ཧ་ཅང་ཕུལ་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས། འདས་པའི་ལོ་སུམ་ཅུའི་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ་དེས་བོད་མི་ནང་པ་ཚོས་ཕྱི་དངོས་པོའི་གནས་ལུགས་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང་། སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལ་དེང་དུས་ཚན་རིག་པ་ཚོ་གཞི་ནས་འགོ་བཙུགས་པ་ལྟ་བུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ། ཐེངས་འདིར་མགོན་པོ་གང་ཉིད་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཤཱཀྱ་ཐུབ་པའི་བཀའ་དབང་སྩལ་རྒྱུ་ཡིན་འདུག