༢༠༡༤ ཟླ་ ༤ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིམ་ལའི་ཧི་མཱ་ཅལ་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༢༡ པའི་ཐོག་དབུ་བཞུགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཞིག་ནང་ཁུལ་དེའི་གསར་འགོད་པ་ཁྱོན་མི་གྲངས་ ༡༥ བརྒལ་བའི་ཆེད་དོན་དྲི་བར་བཀའ་ལན་སྩལ་ཡོད། སྐབས་དེར་གསར་འགོད་པའི་བོད་རྒྱ་ཞི་མོལ་དང་ལྷག་པར་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་དྲི་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། བོད་རྒྱ་ཞི་མོལ་གྱི་གནད་དོན་ནི་ཐད་ཀར་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད། སྤྱིར་བཏང་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་མང་གཙོའི་ལམ་ནས་འོས་བསྡུ་བྱས་ཏེ་བསླེབས་པའི་འགོ་ཁྲིད་ཚོར་ཆ་ཚང་རྩིས་སྤྲོད་བྱས་ཟིན་པ་ཡིན།
དེང་སྐབས་ངོས་ལ་ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པར་བརྟེན། གནད་དོན་དེའི་ཐོག་ཞུ་རྒྱུ་གང་ཡང་མེད། དེ་བཞིན་ངོས་ཀྱིས་ད་ལྟའི་ཆར་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་དང་། ཆོས་ལུགས་མཐུན་སྒྲིལ། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་གནད་དོན་ཐོག་ལས་དོན་སྒྲུབ་བཞིན་ཡོད། ངོས་རང་ནང་པ་སངས་རྒྱས་པའི་རྗེས་འཇུག་ལ་ངོས་འཛིན་གྱིས་དུས་རྟག་ཏུ་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱེད་ཀྱི་ཡོད། ལྷག་པར་གང་ཟག་སྒེར་གཅིག་གི་བདེ་སྐྱིད་ཙམ་མ་ཡིན་པར། གོ་ལ་སྤྱི་ཡོངས་ལ་ཕན་ཐོགས་ཡོང་ཆེད་ཞབས་འདེགས་གང་ཐུབ་ཞུ་བཞིན་ཡོད། ང་ཚོས་འཛམ་གླིང་ནང་ཞི་བདེ་དང་བཟང་སྤྱོད་ཀྱི་འགྱུར་བ་ཞིག་ཡོང་སླད་ཐོག་མར་གང་ཟག་སྒེར་སོ་སོའི་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སུ་འབད་བརྩོན་ཤུགས་ཆེ་ཙམ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་སོགས་ཀྱི་བཀའ་ལན་ཕེབས་ཡོད་པ་མ་ཟད། སྐུའི་ཡང་སྲིད་སྐོར་གྱི་དྲི་བར་བཀའ་ལན་ཡང་སྩལ་འདུག་པ་བཅས། །