༢༠༡༤ ཟླ་ ༣ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་སར་ལྡི་ལིར་རྟེན་གཞི་བྱས་པའི་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ལེ་ཌི་ཤི་རི་རམ་(Lady Shri Ram) ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་མཛེ་ནད་ལྟ་སྐྱོང་ཁང་ཞིག་ཏུ་འཚམས་གཟིགས་དང་འབྲེལ། མཛེ་ནད་ཕོག་པ་རྣམས་ཀྱི་གནས་སྟངས་ལ་ཐུགས་ཞིབ་མཛད་ཡོད།
དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་ལྡི་ལིར་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ལེ་ཌི་ཤྲི་རམ་ཞེས་པའི་མཐོ་སློབ་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་མཐོ་སློབ་དེའི་ནང་གསར་དུ་བཞེངས་པའི་ཨང་སང་སུ་ཀི་(Aung San Su Kyi Center for Peace )ཞེས་པ་དང་། ཌོཀ་ཊར་བྷ་རཱ་ངྷ་རམ (Bharat Ram Academic Complex)ཤེས་ཡོན་སྡེ་ཚན་ཞེས་པའི་སློབ་གཉེར་ཁང་གཉིས་དབུ་འབྱེད་མཛད་གྲུབ་མཚམས། མཐོ་སློབ་དེའི་འགན་འཛིན་སོགས་ཀྱིས་ཕེབས་བསུ་དང་འབྲེལ་མཐོ་སློབ་ཀྱི་ཚོགས་ཁང་ནང་༸ཞབས་སོར་འཁོད་དེ་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་དགེ་སློབ་ཆིག་སྟོང་བརྒལ་བར་ཡ་རབས་ཀྱི་ཀུན་སྤྱོད་དང་། བདེ་སྐྱིད་སྐོར་ལ་ལམ་སྟོན་བཀའ་སློབ་ཕེབས་དོན།
དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ང་ཚོ་ད་ལྟ་གནས་སྡོད་བཞིན་པའི་དུས་རབས་ཉེར་འདི་ནས་ལོ་བཅུ་ཕྲག་ཅིག་མ་གཏོགས་ཕྱིན་མེད། འབྱུང་འགྱུར་དུས་རབས་འདི་ནས་ལོ་བརྒྱད་ཅུ་ལྷག་ཡོང་རྒྱུ་ཡོད། དེར་བརྟེན་དུས་རབས་འདིའི་ནང་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་སྔར་ལྷག་འབད་བརྩོན་བྱེད་རྒྱུའི་གཙོ་བོའི་འགན་འཁྲི་ནི་གཞོན་སྐྱེས་ཚོར་ཡོད། འཛམ་གླིང་ཞི་བདེ་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཕྱི་དངོས་པོ་དང་ཚན་རིག་གིས་བསྐྲུན་མི་ཐུབ་པར་བརྟེན། གཙོ་བོ་ཀུན་སྤྱོད་བཟང་པོའི་ཐོག་ནང་སེམས་ལ་ཞི་བདེ་ཡོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་བུད་མེད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདི་ནས་སྤྱི་ཚོགས་ནང་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་རྒྱུར་བསམ་བློ་གཏོང་དགོས། ལྷག་པར་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་གི་བྱིས་པ་ཚོའི་བྱམས་བརྩེའི་ས་བོན་དེ་དགེ་རྒན་གྱི་ཐོག་མ་ནི་རང་ཉིད་ཀྱི་ཨ་མ་ཡིན་པ་ལྟར། བུད་མེད་ཤེས་ཡོན་ཅན་ཚོས་གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་ཟུང་འབྲེལ་ཐོག་ནས་ཡ་རབས་སྤྱོད་བཟང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འགན་ཁུར་ཤུགས་ཆེ་ཙམ་ལེན་དགོས། ཡ་རབས་སྤྱོད་བཟང་ལྡན་ན་རང་ཉིད་ཀྱི་མི་ཚེ་ཡང་དོན་སྙིང་ལྡན་པའི་ཐོག་ནས་སྐྱེལ་ཐུབ་ཀྱི་ཡོད། ལྷག་པར་རྒྱ་གར་ལ་གནའ་སྔ་མོ་ནས་དར་བའི་ཆོས་ལུགས་རིས་མེད་དང་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་ཡོད་པ་དེ་དག་ལ་དོ་སྣང་མང་ཙམ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་སྩལ།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་དེའི་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ཕེབས་དོན། ང་ཚོར་བོད་པའི་སྐད་ཡིག་ཕྱུག་པོ་ཞིག་ཡོད་པར་བརྟེན་ང་ཚོ་སྤོབས་པ་བྱེད་རྒྱུ་ཞིག་ཆགས་ཡོད། སྤྱིར་བཏང་གི་ཤེས་ཡོན་ནང་བོད་ཡིག་ཡར་རྒྱས་འགྲོ་ཐུབ་མེད་ལ་གོ་སྐབས་ཀྱང་བྱུང་མེད། དེར་བརྟེན་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ངེས་པར་དུ་བསླབ་དགོས་ཀྱི་ཡོད། དེ་དང་ཆབས་ཅིག་བོད་རང་ལ་གནའ་རབས་ནས་ཡོད་པའི་སོ་སོའི་ཤེས་ཡོན་ཕྱིར་ངོམ་རྒྱུ་དང་ནང་གི་ནོར་བུ། བོད་མིའི་བླ་སྲོག་དེ་ང་ཚོས་རྒྱུན་འཛིན་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཉིན་གྲངས་ལྔའི་རིང་རྒྱ་གར་གཙོས་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་བློ་སྦྱོང་ཚིགས་བརྒྱད་མའི་ཞལ་ལུང་། དེ་བཞིན་ལྡི་ལི་མཐོ་སློབ་ཏུ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །