༢༠༡༤ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིམ་ལ་ཁུལ་དུ་རྟེན་གཞི་བྱས་པའི་ཇོ་ནང་དགོན་པར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་གསར་འགོད་པས་བོད་ནང་གི་རང་ལུས་མེར་སྲེག་དང་། རྒྱ་གར་ནང་ལྐོག་ཟ་རུལ་སུངས་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ངོས་རང་ཕྱི་ལོ་ ༢༠༠༡ ལོ་ནས་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཐོག་བསྡད་པ་ཡིན། ལྷག་པར་ཕྱི་ལོ་ ༢༠༡༡ ལོར་ངོས་རང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་བསྡུ་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་ཡིན། སྤྱིར་བཏང་རང་ལུས་མེར་སྲེག་གི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན་གནད་དོན་དེའི་ཐོག་ངོས་རང་ལ་དམིགས་བསལ་གང་ཡང་བརྗོད་རྒྱུ་མེད། འོན་ཀྱང་བོད་ནང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནད་དོན་ནི་ཏན་ཏན་དོན་རྐྱེན་ཁག་གཅིག་ལ་ཐུག་ཡོད་སྟབས། འབྲེལ་ཡོད་གནད་ཡོད་མི་སྣ་དང་ལྷག་པར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཡ་ང་བའི་གནད་དོན་གྱི་བྱུང་རྐྱེན་གཙོ་བོ་གང་དུ་ཐུག་ཡོད་མེད་ཐོག་ཞིབ་དཔྱད་ནན་ཏན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་ཕེབས་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་སྐོར་ལ་བཀའ་ལན་སྩལ་དོན། སྤྱིར་བཏང་ལྐོག་ཟ་རུལ་སུངས་ནི་འཚེ་བའི་བྱ་སྤྱོད་ཀྱི་རང་བཞིན་ཞིག་ཆགས་ཀྱི་ཡོད། རྒྱ་གར་ལྟ་བུར་ཆ་མཚོན་ན། ལོ་སྟོང་ཕྲག་རིང་ནས་གཞན་ལ་འཚེ་བ་མ་བྱེད་པའི་ལྟ་གྲུབ་ཤུགས་ཆེན་ལྡན་པའི་རྒྱལ་ཁབ་གཅིག་ཆགས་ཡོད། དེར་བརྟེན་རྒྱ་གར་གྱི་རྒྱལ་ཁབ་ངོས་ནས་དཔལ་འབྱོར་གྱི་ལས་དོན་ཐོག་ལྐོག་ཟ་རུལ་སུངས་གཙང་སེལ་ཡོང་ཐབས་སུ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་བཟང་སྤྱོད་ལྟ་གྲུབ་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་དེ་ལྟར་མ་བྱས་ཚེ་ད་བར་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་ཡོད་པའི་གཞན་ལ་འཚེ་བ་མི་བྱེད་པའི་རིག་གཞུང་ངམ་། དེ་བཞིན་བཟང་སྤྱོད་དང་འབྲེལ་བའི་ལྟ་གྲུབ་དང་འགལ་ཟླ་ཆགས་ཀྱི་ཡོད། ཅེས་བཀའ་ལན་སྩལ་འདུག