༢༠༡༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་འགན་འཛིན་མན་གྱི་སྲི་ཞུའི་ལས་བྱེད་གྲངས་ ༣༩ ལ་རྩིས་ཀྱི་འགྲོ་སྟངས་སྐོར་ཟབ་སྦྱོང་འགོ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་བ་རྣམས་ལྷན་འཛོམས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། སྤྱིར་བཏང་ལས་བྱེད་འདེམས་ལྷན་ནས་ལས་བྱེད་ཡིན་མུས་རྣམས་ལ་ཚན་པ་མང་པོའི་ཐོག་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ ཙམ་མ་ཟད།
བཀའ་ཤག་སྐབས་ ༡༣ དང་། དེའི་གོང་གི་བཀའ་ཤག་ངོས་ནས་རྩིས་ཀྱི་འགྲོ་སྟངས་དེ་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་གལ་ཆེ་ཤོས་རྩིས་ཀྱི་ཡོད། བཀའ་ཤག་རིམ་པས་དགོངས་འཆར་གནང་དོན་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལྷན་ཚོགས་ནང་གོ་བསྡུར་བྱས་ཏེ་ལག་ལེན་བསྟར་དགོས་ཁག་ལག་བསྟར་བྱས་ཡོད། ཅེས་སྤྱིར་བཏང་རྩིས་ཀྱི་འགྲོ་སྟངས་སྐོར་འདིར་ཕེབས་པ་ཁྱེད་ཚོ་ཚང་མ་ལས་བྱེད་རེད། ལས་བྱེད་ནང་ཐོག་མར་འཛུལ་བ་ནས་བཟུང་ས་ཆ་གཅིག་ལ་སྡོད་རྒྱུར་དམིགས་ཡུལ་ཧ་ལམ་མེད། བོད་མིའི་སྒྲིག་འཛུགས་ནས་ས་ཆ་གཅིག་ལ་གཏན་འཇགས་འཇོག་གི་མེད། ང་ཚོ་ཚང་མ་རིམ་བཞིན་གནས་སྤོ་འགྲོ་གི་ཡོད།
ཁྱེད་རང་ཚོ་ཕྱི་རྒྱལ་དོན་གཅོད་ཁག་ལ་ཏན་ཏན་ཕེབས་ཀྱི་རེད་བསམ་གྱི་འདུག ཕྱི་རྒྱལ་དོན་གཅོད་ཁག་ལ་ཕེབས་པ་ཡིན་ན། རྒྱ་གར་གྱི་ཕྱི་ལོག་ལ་ཡོད་པའི་ཕྱི་རྒྱལ་དོན་གཅོད་ཁག་གི་ནང་རྩིས་པ་མང་ན་གཞུང་བསྐོ་གསུམ་བཞི་ལས་མེད།
དོ་བདག་ལས་བྱེད་གཅིག་རྡ་ས་ནས་བཏང་བ་དེ་རྩིས་ཀྱི་ལས་འགན་འཁྱེར་མཁན་ཡིན་ན་མིན་ན་ལས་ཁུངས་དེའི་རྩིས་ཀྱི་འགྲོ་སྟངས་ཕྲན་བུ་མ་ཤེས་པ་ཡིན་ན་ལས་ཀ་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་རེད། འདིར་ཕེབས་པ་ཚང་མས་ཕྱི་རྒྱལ་དོན་གཅོད་ཁག་གི་ལས་བྱེད་གཞུང་འབྲེལ་ཐོག་ཡིག་རྒྱུགས་གཏང་སྟེ་ཚུད་པ་ཡིན་ན་ཕེབས་འདོད་མེད་མཁན་ཕལ་ཆེར་སུ་གཅིག་མེད། དེར་བརྟེན་གཞི་རྩའི་རྩིས་ཀྱི་འཛིན་སྐྱོང་ཐོག་ཟབ་སྦྱོང་དང་། སོ་སོར་ཤེས་ཡོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རྩིས་ཞིབ་ལས་ཁུངས་ལ་སྙན་སེང་ཞུས་པ་ཟ་མ་ཟད། ལྷག་པར་ཁྱེད་ཚོར་སློབ་ཁྲིད་གནང་མཁན་རྩིས་ཞིབ་དྲུང་འཕར་རིག་འཛིན་ཆོས་འཕེལ་ལགས་ཕེབས་ཡོད། ཁོང་གིས་ད་བར་སློབ་ཁྲིད་རབ་དང་རིམ་པ་གནང་ཡོད། ད་རེ་ཁྱེད་ཚོར་སློབ་ཁྲིད་གནང་རྒྱུའི་སློབ་གཞི་ཧ་ཅང་ཞིབ་ཕྲ་བཟོས་འདུག བདུན་ཕྲག་གཉིས་རིང་སློབ་ཁྲིད་གནང་གི་རེད། ཁོང་གི་སློབ་ཁྲིད་གནང་བའི་རིང་དོགས་པ་ཡོད་པ་ཁག་སྐབས་མཚམས་བཀའ་དྲི་ཞུ་བ་དང་། དོ་སྣང་ཆེར་སྐྱེད་ཐོག་ལྟ་ཉན་བྱེད་ཐུབ་ན་བདུན་ཕྲག་གཉིས་རིང་ཟབ་སྦྱོང་ཕྱིན་པས་དེ་དོན་དག་སྒྲུབ་སོང་བསམ་པ་ཏན་ཏན་ཡོང་རེད་བསམ་གྱི་འདུག ཅེས་ངོ་སྤྲོད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་འགན་འཛིན་བཀའ་བརྒྱུད་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་དོན། ལྷན་རྒྱས་ཚོའི་ཁོངས་ནས་ཤུགས་ཆེ་བ་ལས་བྱེད་གསར་པ་རེད་འདུག དེ་བཞིན་དེ་སྔ་ནས་ལས་བྱེད་ཡིན་བཞིན་པ་ཡང་མང་པོ་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བྱེད་རྒྱུར་བསོད་ནམས་གསོག་དགོས། བསོད་ནམས་དེ་ཁྱེད་རང་ཚོར་ཡོད། ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་མྱོང་ཡོད། ཁྱེད་རང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་རེད། རྩིས་པ་མ་ཡིན་པའི་གོང་ནས་རྩིས་པའི་སྦྱོང་བརྡར་གནང་གི་ཡོད། ང་ཚོའི་དུས་ཚོད་སྐབས་ཕོགས་དང་ལས་ཤག་གི་མཐུན་རྐྱེན་ཧ་ཅང་སྐྱོ་བོ་ཡོད། ད་ལྟ་ཁྱེད་རང་ཚོ་ཕོགས་དང་ལས་ཤག་སོགས་གང་ཅིའི་ཐད་ནས་མཐུན་རྐྱེན་ཧ་ཅང་གི་བཟང་པོ་ཡོད།
མ་འོངས་པར་ང་ཚོའི་ལས་བྱེད་པ་རྣམས་གནས་སྤོས་འགྲོ་སྲིད་པ་རེད། དེའི་སྐབས་རྩིས་པའི་ལས་འགན་འཁྱེར་ན་ག་རེ་གནང་གི་དགོས་ཀྱི་རེད་ཅེ་ན།
༡༽ཉིན་རེ་ཉིན་རེའི་བྱུང་སོང་རྩིས་ཁྲའི་ནང་འཁྱེར་ཐུབ་པ་བྱེད་དགོས། དཔེར་ན། དེ་རིང་གི་བྱུང་སོང་དེ་ཟླ་བ་གཅིག་རྗེས་རྩིས་ཁྲའི་ནང་བཀོད་ན་བརྗེད་སྲིད། རྩིས་ཁྲ་ནི་དངུལ་དང་འབྲེལ་བ་ཆགས་སྐབས་སོ་སོ་དང་མི་གཞན་ལ་གྱོང་གུན་རག་སྲིད་པར་བརྟེན། རྩིས་པའི་ལས་འགན་དེ་ཉིན་རེ་ཉིན་རེའི་ལས་དུས་ཐོག་བྱེད་དགོས།
༢༽རྩིས་པ་ཚོས་བྱུང་འཛིན་དང་སོང་ཁྲ་སོགས་བཟོ་དགོས་ཀྱི་ཡོད། དེ་ཚོ་བཟོ་སྐབས་དཔེར་ན། དངུལ་བྱུང་སོང་གི་བྱུང་འཛིན་ཞིག་བཟོས་ནའང་། དེ་དག་གི་རྒྱབ་ལྗོངས་གནས་ཚུལ་ཞིབ་ཕྲ་དང་ཁ་གསལ་འགོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
༣༽རྩིས་པའི་ལས་འགན་གལ་ཆེ་ཤོས་གཞན་གཅིག་ནི་སྒྲིག་གཞི་ཁག་ཁ་གསལ་ཤེས་དགོས། དཔེར་ན། གོང་རིམ་ནས་སྒྲིག་འགལ་གྱིས་ཐག་གཅོད་གནང་ཚེ་རྩིས་པ་ཚོས་སྒྲིག་གཞི་ངོ་སྤྲོད་གནང་རྒྱུ་དེ་རྩིས་པའི་ལས་འགན་རེད། ད་དུང་ཡང་གོང་རིམ་ནས་དེ་ལྟར་གནང་ན་དེ་ག་རང་བྱེད་རྒྱུ་རེད། འོན་ཀྱང་དེའི་ནང་སྐབས་དེར་སྒྲིག་གཞི་དང་འགལ་གྱི་ཡོད་སྐོར་སྙན་སེང་ཞུས་མཐར་བཀའ་འདི་ལྟར་གནང་སོང་ཞེས་བཀོད་ན་རྣམ་པ་ཚོས་ལས་འགན་འགྲུབ་པ་རེད། ཕྱིས་སུ་གནད་དོན་དེའི་ཐོག་རྙོག་གྲ་བྱུང་ཚེ་སྐབས་དེ་དུས་ཀྱི་གོང་རིམ་སུ་ཡིན་རུང་དེས་ལན་འདེབས་གནང་གི་རེད། གནད་དོན་དེའི་སྐོར་གོང་རིམ་ལ་མ་ཞུས་ན་དེའི་འགན་དེ་རྩིས་པ་ཚོར་ཡོད།
༤༽ རྩིས་ཁྲ་གཙང་མ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། རྩིས་ཁྲ་གཙང་མ་མེད་ན་རྐང་རྗེས་ལག་གསུབ་ལྟ་བུ་ཆགས་ཀྱི་རེད། ཅེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྔ་ཕྱི་རྒྱལ་དོན་གཅོག་ཁག་གི་རྩིས་པར་ཟབ་སྦྱོང་ཐོག་གསུངས་ཡོད།
༥༽ཟླ་གསུམ་མམ་ཟླ་དྲུག་རྩིས་ཁྲ་སོགས་གང་ཡིན་ཡང་རྩིས་ཁྲ་དེ་དག་དུས་ཐོག་བཟོ་ཐུབ་པ་དགོས་རྒྱུ་དང་། རྩིས་ཀྱི་གནས་སྟངས་དེ་དག་གོང་རིམ་ལ་སྙན་སེང་ཞུ་རྒྱུ་ཧ་ཅང་གལ་ཆེན་ཡིན།
༦༽རྩིས་པས་རྩིས་འགྲོ་འཕེར་གྱི་ཡོད་མེད་དང་། ཟོག་དེབ། སྣུམ་འཁོར་བེད་དེབ་སོགས་ཞིབ་འཇུག་བྱེད་རྒྱུ་དེ་རྩིས་པའི་ལས་འགན་ཆགས་ཡོད།
དེ་ནས་དངུལ་གཉེར་གྱི་ལས་འགན་ནི།
༡༽ རྩིས་པ་བཞིན་དངུལ་གཉེར་གྱིས་ཀྱང་སོ་སོས་ཉིན་རེ་ཉིན་རེ་དངུལ་ག་ཚོད་སྤྲད་ཡོད་མེད་དངུལ་གཉེར་གྱི་དངུལ་དེབ་ནང་ཉིན་རེ་ཉིན་རེ་བཞིན་འགོད་རྒྱུ་ཧ་ཅང་གལ་ཆེན་ཡིན།
༢༽དངུལ་གཉེར་གྱི་ནང་ཁུལ་སྔ་འདོན་སྤྲོད་པ་རྣམས་རྩིས་ཁྲའི་ནང་མ་གསལ་པ་མང་པོ་ཡོང་གི་ཡོད། དོན་དངོས་སུ་དེ་ཆོག་གི་མེད་ཀྱང་སྤྲོད་བཞིན་ཡོད། རྩིས་ཀྱི་འགྲོ་ལུགས་ལྟར་ན་དེ་འགྲིག་གི་མེད་སྟབས། དེ་དག་ཚང་མ་དངུལ་གཉེར་གྱི་དངུལ་དེབ་ནང་འགོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
༣༽ཅེག་འཛིན་དེ་དངུལ་དང་གཅིག་མཚུངས་ཡིན་དུས་དངུལ་གཉེར་གྱི་ཉར་དགོས། དངུལ་འདོནསྐབས་དངུལ་གཉེར་གྱི་རྩིས་པས་བརྒྱུད་བྱེད་དགོས།
༤༽ བྱུང་འཛིན་བཟོ་རྒྱུ་དེ་རབ་བྱུང་ན་རྩིས་པས་བཟོ་དགོས། གང་ཡིན་ཞེ་ན། རྩིས་འགོ་གང་དུ་འཁྱེར་དགོས་མེད་རྩིས་པས་ཤེས་ཀྱི་ཡོད། གལ་ཏེ་ཅེག་བྱུང་ན་དངུལ་གཉེར་གྱི་མཚན་རྟགས་བཀོད་དགོས་མེད། གལ་ཏེ་དངུལ་རྐྱང་བྱུང་ན་དངུལ་གཉེར་གྱི་མཚན་རྟགས་བཀོད་དགོས། གལ་ཏེ་མཚན་རྟགས་བཀོད་མེད་ན་མའོངས་པར་རྩིས་ཞིབ་སྐབས་ཆད་ལྷག་བྱུང་ཚེ། སྐབས་དེར་དངུལ་གཉེར་གྱི་མཚན་རྟགས་མེད་ན་རྩིས་ཞིབ་ཀྱིས་དངུལ་གཉེར་དེར་དངུལ་བྱུང་བ་རྩིས་ཀྱི་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་མཁན་རྩིས་ཞིབ་དྲུང་འཕར་རིག་འཛིན་ཆོས་འཕེལ་ལགས་ཡིན་པ་དང། ཟབ་སྦྱོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། ཅོན་ཏ་ར། བདེ་སྐྱིད་གླིང་། ཀ་རའོ། སྤོན་ཌ། ཌོ་ལན་ཇི་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་། དབུས་སྣེ་ལེན་ཁང་བཅས་ཀྱི་ལས་བྱེད་སྡེ་ཚན་འགན་འཛིན་མན་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༤ དངོས་སུ་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཐུབ་ཡོད། ཟབ་སྦྱོང་འདི་ཉིད་ཕྱི་ཚེས་ ༡༧ ནས་ ༢༩ བར་འཚོགས་རྒྱུ་ཡིན་འདུག་པ་བཅས།།