༢༠༡༤ ཟླ་ ༣ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་གི་མདུན་དུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་འདྲ་སྐུ་ཞིག་དབུ་འབྱེད་གནང་ཡོད། དེ་རྗེས་ཐོག་མར་འདྲ་སྐུའི་འབྱིན་བདག་ཨོ་སི་ཊོ་ལི་ཡར་གནས་སྡོད་གནང་མཁན་རྒྱ་རིགས་ལྕམ་སྐུ་ཆིས་ཅ་ཀྲིང་ལགས་ཀྱིས་འདྲ་སྐུ་དབུ་འབྱེད་དང་འབྲེལ་བའི་དབྱིན་སྐད་ཐོག་གསུང་བཤད་གནང་དོན། རང་དབང་མེད་ན་ཤི་བས་དགའ། གུས་ཤིང་བརྩེ་བའི་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་ལགས། དེ་བཞིན་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། དེ་རིང་ནི་ཟླ་བ ༣ པའི་ཚེས ༡༠ རེད། དེ་རིང་ནི ༣་༡༠ བོད་མིའི་རང་དབང་སྒེར་ལངས་དྲན་རྟེན་ཉིན་མོ་དང་བོད་ཕྱི་ནང་གཉིས་སུ་རང་སྲེག་ གི་དུས་དྲན་ཉིན་མོ་ཡང་ཡིན་དུས། དོན་ཆེན་གཉིས་ལྷན་ཅིག་ཏུ་འཁེལ་བའི་གལ་ཆེའི་དུས་དྲན་ཉིན་མོའང་ཡིན། གལ་ཆེ་བའི་ཉིན་མོ་འདི་ནས་བོད་མི་དང་རྒྱ་མི་མཉམ་ཅིག་ཏུ་བཞུགས་སྒར་རྡ་རམ་ས་ལར་འཚོགས་ནས། བོད་མིའི་རང་སྲེག་ཉིན་མོ་འདིར་དུས་དྲན་སྲུང་རྩི་ཞུ་བཞིན་ཡོད། བོད་མིའི་རང་སྲེག་འདྲ་སྐུ་འདིས་བོད་རྒྱ་མི་ རིགས་གཉིས་ཀས་རང་སྲེག་གནང་མཁན་ཚོར་བཅངས་པའི་དྲན་གདུང་དང་གུས་ཞབས་མཚོན་གྱི་ཡོད། རང་སྲེག་འདྲ་སྐུ་འདིས་སྐད་ཆ་འདི་འདྲ་ཞིག་སྒྲོག་གི་ཡོད་པ་སྟེ། རང་དབང་མེད་ན་ཤི་བས་དགའ་ཟེར་བ་དེ་རེད། བོད་རྒྱ་མི་རིགས་གཉིས་སྟབས་གཅིག་ཏུ་དུས་དྲན་ཉིན་མོ་འདིར་འཛོམས་ནས་ཕྱི་ལོ ༡༩༩༨ ནས་ད་ལྟའི་བར་བོད་ནང་རང་སྲེག་ངོ་རྒོལ་གནང་མཁན་བོད་མི་རྒྱལ་གཅེས་པ ༡༣༣ རྣམས་ཀྱི་ཆེད་དང་། ད་དུང་བོད་ཕྱི་ལོགས་སུ་རང་སྲེག་གནང་མཁན་བོད་མི ༧ ཡང་ཚུད་ཡོད།
དེ་བཞིན ༡༩༥༩ ལོའི་ཟླ་བ ༣ ་ ༡༠ ཉིན་ཞི་བའི་ངོ་རྒོལ་གནང་སྐབས་བོད་མི་ཁྲི་ཚོ་མང་པོ་དམར་གསོད་བཏང་བ་དང་། དེའི་རྗེས་སུ་རྒྱུན་ཆད་མེད་པར་བོད་མི་ཉེས་མེད་བགྲངས་ཀྱིས་མི་ཟིན་པ་རྒྱ་ནག་ གཞུང་གིས་ དམར་གསོད་བཏང་བ་རེད། དེ་རིང་ང་ཚོ་བོད་མི་དང་རྒྱ་མི་ལྷན་དུ་འཛོམས་ནས་སྐུ་བཀྲོངས་པའི་བོད་མི་དེ་ དག་གི་ཆེད་དུ་མྱ་ངན་གུས་འདུད་ཞུ་གི་ཡོད། དོན་སྙིང་ལྷག་པར་ལྡན་པའི་བོད་མིའི་རང་སྲེག་འདྲ་སྐུ་འདི་ནི་དམངས་གཙོའི་གདན་ས་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་བྱེད་ཀྱི་ཡོད། དུས་འདིར་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་ཁྲི་ཚོ་དྲུག་བརྒྱ་དང་དེ་བཞིན་རྒྱ་རིགས་ཚུད་པའི་རྒྱལ་སྤྱིའི་མི་དམངས་རྣམ་པས་འདྲ་སྐུ་འདིའི་གམ་དུ་ལངས་ནས། བོད་རང་དབང་གི་ཆེད་དུ་རང་སྲེག་གནང་མཁན་ཚོར་དྲན་གདུང་དང་གུས་འདུད་ཞུ་བཞིན་ཡོད། བོད་ཀྱི་རང་སྲེག་འདྲ་སྐུ་འདིས་འཛམ་བུ་གླིང་དུ་སྤོབས་སེམས་ལྡན་པའི་སྒོ་ནས་དྲིལ་བསྒྲག་རྒྱུ་ནི། ང་ཚོས་ནམ་ཡང་བརྗེད་མི་རུང་། ང་ཚོས་ནམ་ཡང་བརྗེད་ཀྱི་མ་རེད་ཟེར་བ་འདི་ཡིན། དུས་ཐུང་གི་མི་ལོ་ལྔ་ཙམ་ནང་དུ་བོད་མི ༡༣༣ གཅིག་རྗེས་གཉིས་མཐུད་ངང་རང་སོ་སོས་རང་སྲེག་ངོ་རྒོལ་བྱས་པ་རེད། དེ་དག་ལས་དགེ་འདུན་པ་དང་། བཙུན་མ། ཞིང་པ། འབྲོག་པ། སློབ་ཕྲུག ཚོང་པ། ལས་མེད་པ། དེ་བཞིན་ལོ་ན་བཅུ་གྲངས་དང་ཉི་ཤུ་ཙམ་ལས་མེད་པའི་གཞོན་སྐྱེས་དེ་འདྲའང་མང་པོ་ཡོད་པ་རེད། ཁོང་རྣམས་མང་པོ་ཞིག་ལང་ཚོའང་ཡོངས་སུ་སྨིན་མེད་ལ། ཐ་ན་དེ་དག་ལས་ལོ་ན་གཞོན་པའི་ཨ་མ་མང་པོ་ ཞིག་གིས་རང་སོ་སོའི་ཕྲུ་གུ་བསྐྱུར་ནས་སྐུ་གཤེགས་པ་རེད། ཧ་ཅང་ཉམ་ང་བའི་ལོ་རྒྱུས་འདི་འདྲ་འཛམ་གླིང་ནའང་མཐོང་དཀོན་པ་རེད། རྒྱ་རིགས་ཚོའི་ཁ་དཔེར། འཆི་སར་ལྕེབས་པ་ལས་སྡུག་འཚོ་བྱས་པས་དགའ་ཟེར་བ་ནང་བཞིན། གསོན་པོར་སྡོད་རྒྱུ་ནི་མི་ཞིག་གི་རང་གཤིས་རེད། འོན་ཏེ། བོད་མིས་རང་སྲེག་ གནང་བའི་མེ་ལྕེ་དགུང་ལ་མཆེད་དུས། གཡོལ་ཐབས་མེད་པའི་གནད་དོན་ཞིག་མི་རྣམས་ཀྱི་མིག་མདུན་དུ་སྤུངས་པ་རེད། ཅིའི་ཕྱིར་དུ་བོད་མི་འདི་འདྲའི་མང་པོ་ཡིས་རང་ཉིད་གསོན་གསོན་དུ་བསྲེགས་ཏེ་མིའི་རང་གཤིས་ལ་རྒོལ་བ་བྱས་ནས་གསོན་པོ་སྡོད་འདོད་མེད་པ་རེད། འདིའི་ལན་ནི་ཧ་ཅང་སྟབས་བདེ་བ་ཞིག་སྟེ། ཁོང་ཚོ་གསོན་པོར་སྡོད་ཐུབ་ཀྱི་མེད་པ་རེད། ཁོང་ཚོས་ཚེ་སྲོག་བཏང་ནས་གནད་དོན་གསལ་པོ་བཟོ་འདོད་པ་རེད། ཁོང་ཚོ་ལ་དགོས་པ་གང་ཞིག་རེད། ཁོང་ཚོ་ལ་དགོས་པ་ནི་དམག་མའི་དོ་དམ་མིན་ལ། རྡུང་རྡེག་དང་ཁ་རྡུང་ཀྱང་མིན། ཚར་རྒྱུ་རྫོགས་རྒྱུ་མེད་པའི་གྲལ་རིམ་འཐབ་ རྩོད་མིན། ཉེས་མེད་ཉེས་འཛུགས་ཀྱི་ཆབ་སྲིད་ལས་འགུལ་ཡང་མིན། བོད་མི་རེ་རེའི་གམ་ན་རྒྱ་མི་བཅུ་གྲངས་འགས་བསྐོར་བ་དེ་འདྲའང་མིན། དེས་མ་ཚད། མེ་མདའ་དང་མཚོན་ཆ་ཐོགས་པའི་རྒྱ་དམག་གིས་དགོན་དང་ལྷ་ཁང་བསྲུངས་ཡོད་པ་དེའང་མིན། རྒྱ་མི་མངགས་ནས་བོད་མི་ཚོར་རྒྱལ་གཅེས་སློབ་གསོར་རྒྱག་ཏུ་འཇུག་པའང་མིན། མང་གཙོ་བཅོས་སྒྱུར་ཟེར་བའང་མིན། རྒྱ་མིར་མགོན་སྐྱབས་འབོད་དགོས་རྒྱུ་དེ་མིན་ལ། མཐོང་ཆུང་གི་རྣམ་པས་ཉིན་མཚན་མེད་པར་བསྲུངས་ཡོད་པ་དེ་དག་ཀྱང་མིན།
དེ་བཞིན་བོད་ཀྱི་སློབ་གྲྭར་རྒྱ་མི་རིགས་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་ཡིན་མི་དགོས་ལ། བོད་རང་གི་ལོ་རྒྱུས་རིག་གནས་རིམ་པས་དམར་གསོད་བྱེད་ཀྱི་ཡོད་པ་དེ་མིན། གློག་འོད་དཀར་དམར་མཆེད་པའི་ཞབས་བྲོི་ཁང་དང་ཨར་ཁང་སོགས་མིན། བོད་ཀྱི་སྲོལ་རྒྱུན་རིག་ གནས་དང་བོད་མིའི་འཚོ་བའི་གོམས་སྲོལ་ཟུར་འབུད་བྱེད་ཀྱི་ཡོད་པ་དེ་མིན་ལ། ལྕགས་ལམ་དང་ཟམ་ཆེན་ལམ་ཆེན་སོགས་རྒྱུན་ཆད་མེད་པར་བོད་དུ་ འཐེན་གྱིན་ཡོད་པ་དེའང་མིན། ནགས་རི་དང་རི་སྐྱེས་སྲོགས་ཆགས་གཏོར་བརླགས། དེ་བཞིན་རང་བྱུང་འཁོར་ཡུག་ཚབས་ཆེའི་སྦག་བཙོག་བཟོས་པ་དེ འང་མིན། དེ་བཞིན་དུ་ནམ་ཉིན་མ་འབུད་ཐབས་ཁོ་ན་བྱས་ནས་གྲོས་མོལ་འཁོར་རྒྱ་ཆུད་བཟོས་ གཏོང་བ། བོད་མི་ཞི་རྒོལ་བ་ཚོར་ཟིང་འཁྲུགས་ཞོད་འཇགས་སུ་འབོད་པ་དང་། བོད་ཀྱི་སྐྱབས་མགོན་ཏཱ་ལའི་སྐུ་པར་སྒམ་ནང་དུ་འཇུག་ཏུ་བཅུག་ནས་ལྐོག་ལྐོག་ སུད་སུད་ཀྱིས་སྨོན་ལམ་འདེབས་བཅུག་པ། གོང་ས་ ཏཱ་ལའི་བླ་མ་མཆོག་རང་ཉིད་ཀྱི་ཕ་ཡུལ་བོད་ཁ་བ་ཅན་དུ་ཕྱིར་ཞབས་སོར་འཁོར་རྒྱུར་ བཀག་སྡོམ་བྱེད་པ་དེའང་མིན། ཁོང་གི་བོད་འབངས་རྣམས་དང་ལྷན་ དུ་འཚོ་བའི་གོ་སྐབས་བཅོམ་པ་དེའང་མིན་ལ། བཙན་ཤེད་ཀྱིས་བོད་མིར་འདུལ་བཅོམ་བྱེད་པ་དང་། དངོས་དོན་རྒྱབ་གཏོད་སོགས་མིན། དོན་དངོས་ཐོག ཕྱི་ལོ ༡༩༤༩ ནས་བོད་ཀྱི་ས་ཆར་རྒྱ་གུང་ཁྲན་དྲག་སྤྲས་པ་འཛུལ་བ་ནས་བཟུང་། བོད་མི་རྣམས་ལ་སྡུག་བསྔལ་གྱི་སྒོ་མོ་ཕྱེས་པ་རེད། མི་ལོ་ང་ལྔའི་གོང་དུ་རྒྱ་ གུང་ཁྲན་གྱིས་བོད་མི་གྲངས་མེད་དམར་གསོད་བཏང་སྟེ། ད་བར་དུ་བོད་ཀྱི་ཆོས་རིག་གོམས་སྲོལ་སོགས་ལ་གཏོེེར་བཅོམ་འདི་འདྲ་བཏང་མེད་ན། དེ་རིང་ ཁ་སང་གི་བོད་མིས་རྒྱུན་ཆད་མེད་པར་ངོ་རྒོལ་དང་རང་སྲེག་ལས་འགུལ་འདི་དག་ཡོང་གི་མ་རེད།
མདོར་ན། བོད་མིར་ཕ་མཐའ་མེད་པའི་མུན་པ་འདི་འདྲ་བཟོས་མེད་ན། བོད་མིར་རེ་ཐག་ཆད་དགོས་པའི་དཀའ་ངལ་འདི་འདྲ་བཟོས་མེད་ན། ལོ་ངོ་དྲུག་ ཅུ་རེ་ལྔར་ཡང་ཡང་ཕམ་ཁ་མྱངས་དགོས་པའི་དོན་གནད་དོན་འདི་འདྲ་བཟོས་མེད་ན། དེ་རིང་བོད་མིས་སྡུག་བསྔལ་བཟོད་བརླག་བྲལ་བའི་རང་སྲེག་ངོ་ རྒོལ་འདི་འདྲ་དགོས་ཀྱི་ཡོད་པ་མ་རེད། བོད་མི་རྣམས་དཔལ་བློ་ཁོག་ཞུམ་པ་མེད་ལ། རྒྱུ་འབྲས་དྲ་ཚུགས་འཕེར་བ་བཅས་ཡིན་དུས། རང་སོ་སོ་མེར་བསྲེག་ བཏང་ནས་རང་དབང་གི་སྐད་སྒྲ་ཕྱིར་དབྱུང་གི་ཡོད་པ་ལས་མི་གཞན་ལ་གནོད་འཚེ་བྱས་ ཡོད་པ་མ་རེད། ང་ཚོ་རྒྱ་མི་ཚོས་བོད་ཀྱི་རིག་གནས་དང་ བྱང་སེམས་འདི་དག་སློབ་སྦྱོང་དང་མིག་དཔེ་བལྟ་འོས། རྒྱ་གུང་ཁྲན་ནི་བརླང་སྤྱོད་ལྡན་པས་ཁོ་པ་ཚོའི་མིག་ལམ་དུ་ཚེ་སྲོག་ནི་ཅི་ འདྲའི་ཉམ་ཆུང་བའི་ གྲངས་ཀ་ཙམ་ཞིག་རེད། ཕྱི་ལོ ༡༩༤༩ ནས་རྒྱ་ནག་སྐམ་ས་དང་བོད་ནང་དུ་མི་ཁྲི་ཁྲག་མང་པོའི་ཚེ་སྲོག་འཕྲོགས་པ་རེད་ མོད། ཁོང་ཚོས་དེ་དག་སེམས་ པར་བཟུང་ཡོད་པ་རེད་དམ། ཁོང་ཚོས་དེ་དག་གི་ཆེད་དུ་བཟོད་གསོལ་དགོངས་དག་ཞུས་ཡོད་དམ། ཞུས་ཡོད་པ་མ་རེད། ཁོང་ཚོས་དབང་ཆ་མ་གཏོགས་ ཅི་གང་སེམས་པར་བཟུང་གི་ཡོད་པ་མ་རེད། བརྩེ་བའི་བོད་རིགས་སྤུན་ཟླ་ཚོ། ང་ཚོས་ངེས་པར་དུ་ཚེ་སྲོག་ལ་གཅེས་འཛིན་བྱས་ནས། བོད་མི་ཚོས་ཅིས་ཀྱང་རང་སྲེག་མ་བྱེད་རོགས། ངེས་པར་དུ་ཅིས་ཀྱང་ གསོན་པོར་འཚོ་དགོས་ལ། བོད་མི་རེ་རེ་མང་བས་དེའི་ཚོད་ཀྱིས་སྟོབས་ཤུགས་ཆེ་བ་ཡོད། ང་ཚོས་ཕན་ཚུན་བསམ་ཤེས་བྱེད་རེས་དང་རྒྱབ་སྐྱོར་བྱེད་རེས་བྱས་ ནས། རྒྱ་ནག་གི་དབང་ཆ་གཅིག་སྡུད་ལམ་ལུགས་འདིར་ངོ་རྒོལ་མཐར་ཐུག་པ་བྱ་དགོས་སོ། ། ༢༠༡༤་༣་༡༠ གུས་པ་དང་བཅས། ཞེས་གསུང་བཤད་གནང་རྗེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།