༢༠༡༤ ཟླ་ ༣་ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་བཞུགས་སྒར་ཕོ་བྲང་ནས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༨ སྔ་དྲོ་སིམ་ལ་ཁུལ་དུ་རྟེན་གཞི་བྱས་པའི་ཇོ་ནང་དགོན་པར་ཆིབས་སྒྱུར་བསྐྱང་སྟེ་གནས་གཟིགས་མཛད་རྒྱུ་དང་། དེ་རྗེས་བཞུགས་གནས་མགྲོན་ཁང་དུ་ཕྱེད་ཡོལ་ཆུ་ཚོད་ ༡ ནས་ ༣།༣༠ བར་སིམ་ལ་གཏན་སློབ་དུ་ཆིབས་སྒྱུར་བསྐྱང་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་ཆོས་འབྲེལ་སྩལ་རྒྱུ་ཡིན་པ་མ་ཟད། རྡོ་རྗེ་བྲག་དགོན་པར་གུ་རུའི་ལྷ་ཁང་གསར་བཞེངས་གྲུབ་པར་རབ་གནས་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་སིམ་ལ་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་གྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་རྒྱུ་ཡིན་འདུག སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་ (Governor) མཆོག་ལྷན་བཅར་ཞུ་རྒྱུ་ཡིན་འདུག