༢༠༡༤ ཟླ་ ༢ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་འཚོ་བྱེད་སྨན་པ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། དགོངས་གསལ་བཞིན་ཕྱི་ལོ ་༢༠༡༤ ལོ་ནི་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་བཅུ་ཧྲིལ་པོ་འཁོར་བའི་ལོ་ཚིགས་ཁྱད་པར་ཅན་ཞིག་ལ་བརྟེན་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་ གསོ་བ་རིག་པའི་སྨན་པ་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་དང་སྦྲགས་སྨན་པ་ཡོངས་ལ་སངས་རྒྱས་སྨན་བླའི་བཀའ་དབང་ཞིག་བཀའ་དྲིན་ཆེ་གནང་ཡོང་བའི་མཚན་འཁོད་གསོལ་འདེབས་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་དམིགས་བསལ་མ་དགོས་པར་སྨན་བླའི་མདོ་ཆོག་དང་འབྲེལ་གཟུངས་སྔགས་གང་མང་ གྲངས་གསོག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་མཐའ་དག་ཞི་ནས་བདེ་བར་འཚོ་ཞིང་ གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་པའི་བསྔོ་སྨོན་བྱེད་ཐུབ་ན་བརྟན་བཞུགས་འདི་ལས་ལྷག་པ་མེད་ཅེས་བཀའ་སྤྱི་ཕེབས་ཡོད་པ་དང་གསོལ་འདེབས་ཞུས་དོན་སངས་རྒྱས་སྨན་བླའི་བཀའ་དབང་དེ་བཞིན་ཕྱི་ལོ་༢༠༡༤ ཟླ་༣ ཚེས་༣༡ ཉིན་བཞུགས་སྒར་རྡ་རམ་སཱ་ལཱར་བསྩལ་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་སྐལ་བཟང་གི་དུས་ཚེས་དེ་དང་སྟབས་བསྟུན་ནས་༢༠༡༤ ཟླ་༤ ཚེས་༡།༢ ཉིན་གཉིས་རིང་སྨན་ལྷན་ལོ་བཅུ་འཁོར་བའི་མཛད་སྒོ་དང་འབྲེལ་ གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིག་ཞུ་གཏན་འཁེལ་ཡོད་ན་འབྲེལ་ཡོད་རྣམས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ འགྱངས་མེད་ལྷན་ཚོགས་སུ་གློག་འཕྲིན་([email protected] /[email protected] ) དང་ཞལ་པར་བརྒྱུད་ངེས་པར་ཚོགས་བཅར་ཐོ་འགོད་གནང་རྒྱུ་དང་ཐོ་འགོད་སྐབས་ལྷན་ཚོགས་ཀྱི་ཚོགས་མིའི་ངོ་སྤྲོད་ལག་འཁྱེར་(Updated Membership I-Card) ངེས་པར་ཞུ་སྟོན་གནང་དགོས། ཚོགས་འདུའི་དོད་དམིགས་བསལ་འབུལ་མི་དགོས་ཀྱང་ཞལ་འདེབས་འབུལ་བློ་ཡོད་ཚེ་ལྷན་ཚོགས་སུ་འབུལ་གནང་ཡོང་བ་དང་ཚོགས་འདུའི་ཆེད་འགྲོ་གྲོན་ཚོགས་བཅར་བ་དོ་བདག་ནས་གནང་དགོས་ཞིབ་ཕྲའི་གནས་ཚུལ་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་གཟིགས་གནང་ཡོང་བ་དོན་ཡོངས་ཁྱབ་གསལ་བསྒྲགས་སུ་སྨན་ལྷན་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས ་༡༨ ལ།།