༢༠༡༤ ཟླ་ ༢ ཚེས་ ༡༧ རེས་གཟའ་ཟླ་བ།
༅༎ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་ John Kerry དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ Xi Jinping རྣམ་གཉིས་མཇལ་འཕྲད་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པར་ཐུགས་འཚབ་ཡོད་སྐོར་གསུངས་འདུག
དེ་ཡང་ Lawyer Herald ཞེས་པ་དྲ་རྒྱའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་རེས་གཟའ་པ་སངས་ཉིན་མཇལ་འཕྲད་སྐབས། ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག་གིས་གསུང་དོན། འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་བརྗེ་ལེན་གྱི་རང་དབང་སོགས་ནི་ལུང་པ་ཞིག་གི་སྤྱི་ཚོགས་སྲ་བརྟན་འབྱུང་འགྱུར་ལེགས་སྐྱེས་ཀྱི་རང་བཞིན་ཆགས་ཡོད། ཉེ་ཆར་རྒྱ་ནག་ནང་ཞི་བའི་སྒོ་ནས་བཅོས་བསྒྱུར་འབྱུང་ཐབས་བྱེད་མཁན་གྱི་མི་སྣ་འཇིན་བཟུང་བྱས་པ་དེ་དག་ནི་ཕུགས་རྒྱང་རིང་པོར་ཕན་ལས་གནོད་ཆེ་བ་ཡོང་རྒྱུར་ཨ་རིས་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་དང་ཡུ་གུར་ས་གནས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཨ་རིའི་གཞུང་གིས་མུ་མཐུད་སེམས་འཚབ་བྱེད་བཞིན་ཡོད་སྐོར་ནན་བརྗོད་གནང་འདུག
ལྷག་པར་ཨ་རིའི་གཞུང་གིས་བོད་ནང་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་ལ་བོད་ཀྱི་ཆོས་དང་རིགས་གཞུང། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པར་དོ་ཕོགས་ཤུགས་ཆེ་གཏོང་བའི་སྲིད་བྱུས་ལག་བསྟར་མཚམས་འཇོག་ཡོང་བའི་འབོད་སྐུལ་དཔོན་རིགས་རིམ་བརྒྱུད་ཀྱིས་ཞུས་ཡོད་ཅིང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་མཆོག་གམ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་སྐོར་གསུངས་ཡོད།