༢༠༡༤ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་ (NCERT) ལ་འབོད་སྐུལ་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༣ ནས་ཚེས་ ༢༢ བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཀུ་ལུ་ས་གནས་ཉེ་འགྲམ་བྷུན་ཏར་ (Bhuntar) ནང་དགེ་འོས་གནང་བཞིན་པའི་བོད་རིགས་སློབ་མ་གྲངས་ ༢༠ ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཞི་རིམ་སློབ་ཁྲིད་ཀྱི་ཐབས་ལམ་དང་དབྱིན་ཇིའི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སྐོར་ལ་ཟབ་སྦྱོང་དབུ་འཛུགས་གནང་འདུག
དེ་ཡང་ཟབ་སྦྱོང་སྐབས་ཕྲུ་གུའི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་། དགེ་རྒན་ཚོས་སློབ་ཕྲུག་གི་གནས་སྟངས་རྒྱུས་ལོན་ཐུབ་ཐབས། ལྐོག་འགྱུར་གྱི་རྣམ་གཞག་རྟོགས་ཆེད་རིག་སྟོབས་གོང་མཐོར་གཏོང་རྒྱུ་སོགས་ཤེས་ཡོན་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད། ཟབ་སྦྱོང་དབུ་འབྱེད་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཆེད་ཕེབས་གནང་ཡོད་པ་མ་ཟད། དགེ་སློབ་རྣམ་པ་དང་། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་སྐད་ཡིག་ཤེས་ཡོན་ལྷན་ཁང་གི་དགེ་ལས་རྣམས་དང་ལྷན་ཐུག་འཕྲད་ཀྱང་གནང་འདུག
སྤྱིར་བཏང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ ནས་ ༣༡ བར་གུ་ཇུ་ར་ཏི་མངའ་སྡེའི་རྒྱལ་ས་ཨ་ཧེམ་ཌ་བྷ་ཌིར་རྟེན་གཞི་བྱས་པའི་ Calorx Teachers University ཞེས་པའི་དགེ་འོས་གཙུག་ལག་སློབ་ཁང་དུ་ཚན་རིག་དང་སྒྱུ་རྩལ་གྱི་སློབ་ཚན་ཐོག་དགེ་རྒན་འོས་སྦྱོང་གནང་བའི་ (B.Sc. B.Ed. & B.A. B.Ed.)སློབ་མ་ཁྱོན་མི་གྲངས་ ༥༠ ལ་དངོས་སུ་དགེ་རྒན་གྱི་ལས་གནས་ཐོག་མ་ཞུགས་གོང་སྔོན་འགྲོའི་སྦྱོང་བརྡར་ཞིག་གོ་སྒྲིག་ཞུས་འདུག
སྐབས་དེར་ཁོང་རྣམས་དངོས་སུ་འཛིན་ཁང་ནང་སློབ་ཁྲིད་གནང་བཅུག་པ་ཙམ་མ་ཟད། སྐད་ཡིག་སློབ་ཁྲིད་གནང་སྟངས་དང་། སློབ་ཕྲུག་གི་སེམས་ཁམས། ནུས་པ་ལྡན་པའི་སློབ་ཁྲིད་ཐབས་ལམ་སོགས་ཀྱི་སྐོར་སློབ་ཁྲིད་གནང་འདུག སྐབས་དེར་བྷུན་ཏར་དགེ་འོས་ཁང་གི་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཟབ་སྦྱོང་བའི་གནས་སྟངས་ཞིབ་འཇུག་སླད་ཆེད་ཕེབས་གནང་ཡོད། ཟབ་སྦྱོང་ཆེད་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་སྐྱོབ་ཚོགས་པ་ (USAID) ཡིན་འདུག