༢༠༡༤ ཟླ་ ༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅༎ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་གཱན་དྷཱིའི་ཞི་བདེ་ཐེབས་རྩ་ཐུན་མོང་གི་གོ་སྒྲིག་འོག་གཱན་དྷཱིའི་ཞི་བདེ་ཐེབས་རྩ་ཁང་ ( Gandhi Peace Foundation) དུ་བོད་ནང་བོད་མིའི་རང་ལུས་མེར་སྲེག་ཐད་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འགྱུར་བ་མ་གཏང་ན་འགྲུབ་འབྲས་ཅི་འབྱུང་ཞེས་པའི་བགྲོ་གླེང་ཞིག་ཚོགས་འདུག
དེ་ཡང་བགྲོ་གླེང་དེ་རྒྱ་གར་གྲོས་ཚོགས་འོག་མའི་དྲུང་ཆེ་ཟུར་པ་སུ་བཤ་ཀཕབ་ (Subash Kashyap) ལགས་ཀྱིས་གཙོ་སྐྱོང་འོག་གྷན་རྡི་ཐེབས་རྩའི་ཚོགས་གཙོ་ར་རྡ་བཌ་ལགས། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝལ་སི་པལ་ (Kanwal Sibal) ལགས་དང། རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་ཝི་ནོཏ་སེ་གལ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག རྒྱ་གར་གྱི་དུས་བབ་རྩོམ་སྒྲིག་པ་སྐུ་ཞབས་ཨེས་ཨར་མོ་ཧན་ཏི་ལགས་སོགས་མཉམ་ཞུགས་ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝལ་སི་པལ་མཆོག་གིས་གསུང་དོན། བོད་ནང་རང་ལུས་མེར་སྲེག་གི་གནད་དོན་འདི་ཆེས་ཛ་དྲག་ཡིན་པ་མ་ཟད། འཚེ་བ་མེད་པའི་ལས་འགུལ་ནང་ནས་ཆེས་ཚད་མཐོ་ཤོས་ཤིག་ཆགས་ཡོད
གལ་ཏེ་རང་ལུས་མེར་སྲེག་གི་ལས་འགུལ་དེ་མང་གཙོའི་ལུང་པ་ཞིག་གི་ནང་བྱུང་བ་ཡིན་ན། མི་དམངས་ཀྱི་རང་དབང་དང་གསར་འགོད་ཀྱི་རང་དབང་སོགས་ཀྱི་འོག་ཁྱད་པར་ཆེན་པོ་ཡོང་སྲིད་ཀྱང་། བོད་ནང་རྒྱ་ནག་གི་གནོན་ཤུགས་འོག་མི་དམངས་དང་གསར་འགྱུར་གྱི་རང་དབང་སོགས་མེད་པར་བརྟེན། རྒྱལ་སྤྱིའི་སྟེང་ནས་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་ཡོང་གི་མེད། དེང་སྐབས་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་ཆེན་པོ་ཡོད་པར་བརྟེན་ཨ་རི་ཡིན་ནའང་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་མེད། ཞི་ཅིང་ཕིན་སྲིད་འཛིན་གྱི་དུས་ཡུན་རིང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུར་དཀའ་ལས་ཁག་པོ་ཡིན།
རྒྱ་ནག་ནང་སྲིད་འཛིན་ཞི་ཅིང་ཕིན་བསླེབས་ཏེ་དཔལ་འབྱོར་གྱི་འགྱུར་བ་ཙམ་ལས་མང་གཙོའི་འགྱུར་བ་སྐོར་གང་ཡང་ཤོད་ཀྱི་མེད་སྟབས། ཁོ་པས་སྲིད་འཛིན་བྱས་པའི་དུས་ཡུན་རིང་བཟང་ཕྱོགས་ལ་འགྱུར་བ་ཤུགས་ཆེ་ཡོང་གི་མ་རེད་སྙམ་བཞིན་ཡོད། ཅེས་སོགས་གསུངས།
སྐབས་དེར་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ད་བར་བོད་ཀྱི་གནས་སྟངས་དང་། བོད་ནང་རང་ལུས་མེར་སྲེག་གིས་ཛ་དྲག་གནས་སྟངས། ༸གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་ཚུལ་ངོ་སྤྲོད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་ཕན་དབུ་མའི་ལམ་ལ་རྒྱ་ནག་གཞུང་གིས་ཡ་ལན་དང་ངོས་འཛིན་གནང་བ་ཡིན་ན། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐུབ་སྐོརསོགས་གསུངས་ཡོད།
རྒྱ་གར་གྱི་དམག་དཔོན་ཟུར་པ་ཝི་ནོཏ་སེ་གྷལ་ (vinod Saigal) ལགས་ནས་བོད་ནང་བོད་མི་ ༡༢༦ རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གི་མི་དམངས་ཀྱི་སེམས་ནང་ཚོར་བ་ཅིག་ངེས་པར་དུ་ཡོང་དགོས་པ་དང་། དེང་སྐབས་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་དང་དགའ་མོས་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དེ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཅིག་ཡོང་རྒྱུའི་སྔོན་རྟགས་ཤིག་ཡིན་སྲིད་པ་རེད། ཅེས་སོགས་གསུངས།
ལྡི་ལིར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང༌ཚོགས་པ།
གསར་གནས།
འབྲེལ་གནས།