༢༠༡༤ ཟླ་ ༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཨ་རིར་བཞུགས་པའི་རྒྱ་རིགས་སྒྱུ་རྩལ་བ་ཞིག་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གུས་བརྩི་དང་མྱ་ངན་མཚོན་ཆེད་ “འབར་བཞིན་པའི་བོད་” ཅེས་འདྲ་སྐུ་ཞིག་བཞེངས་ཡོད་པ་དང་། འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་བཞུགས་སྒར་རྡ་སར་དབུ་འབྱེད་གནང་རྒྱུ་ཡིན་འདུག
འདིའི་སྐོར་ལྷོ་བྱང་ཨ་མི་རི་ཀའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་དོན། ཨ་རིར་བཞུགས་པའི་རྒྱ་རིགས་སྒྱུ་རྩལ་བ་གྲང་ཝེ་མིན་ནི། བོད་དོན་ཆེད་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་མཁན་ཞིག་ཡིན། ཁོང་དང་རྒྱ་བོད་མཐུན་ཚོགས་ཀྱི་ཤ་ཨོ་ཝེ། ཨོ་སི་ཊོ་ལི་ཡར་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཆི་ཅར་ཌེན་བཅས་ཀྱི་འགན་འཁུར་གྱིས་རྒྱ་རིགས་ཀྱིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འདྲ་སྐུ་བཞེངས་གྲུབ་སྟེ་དེང་སྐབས་རྡ་སར་འབྱོར་ཡོད། འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་བཞུགས་སྒར་རྡ་སར་མཛད་སྒོ་སྟབས་བདེ་ཞིག་ཚོགས་རྗེས་འདྲ་སྐུ་ཀིརྟི་གྲྭ་ཚང་དུ་སྒྲིག་གཤོམ་གནང་རྒྱུ་ཡིན། ཞེས་གསུངས་འདུག