༢༠༡༤ ཟླ་ ༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་སྣེ་ཁྲིད་འོག་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ལྔའི་གཞིས་འགོ་རྣམས་ཀྱིས་ཀར་ན་ཊ་ཀ་མངའ་སྡེ་སྤྱི་ཁྱབ་དྲུང་ཆེ་གསར་པ་སྐུ་ཞབས་ (Mr Kaushik Mukherjee) མཆོག་ལ་མཇལ་འཕྲད་ཀྱིས་ཀར་ན་ཊ་ཀའི་ནང་གནས་སྡོད་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁོང་གིས་མངའ་སྡེའི་སྤྱི་ཁྱབ་ཀྱི་དྲུང་ཆེ་གསར་པའི་ལས་འགན་བཞེས་པར་འཚམས་འདྲི་དང་འབྲེལ་དཀར་གཙང་མཇལ་དར་དང་ཐུབ་དབང་གི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་ཡོད། སྐབས་དེར་ཁོང་རྣམ་པས་ཞུས་དོན། ཀར་ན་ཊ་ཀའི་མངའ་སྡེའི་གཞུང་དང་མི་དམངས་ནས་ཀར་ན་ཊ་ཀའི་ནང་གནས་སྡོད་བོད་མིར་མི་ལོ་ལྔ་བཅུ་ལྷག་རིང་མཐུན་འགྱུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་ཀར་ན་ཊ་ཀའི་མངའ་གཞུང་ནས་ང་ཚོར་གཏོང་ཕོད་ཆེན་པོས་རོགས་མགོན་གནང་བ་རྣམས་བོད་པའི་མི་རབས་གཞོན་པ་ཚོས་ཀྱང་བཀའ་དྲིན་ལ་བསམ་གཞིགས་བྱེད་ངེས་ཡིན། ཞུས་ཡོད་པ་མ་ཟད། བོད་མིའི་སྐུ་ཚབ་རྣམ་པས་ཀར་ན་ཊ་ཀའི་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཕར་མ་སྐུ་ཞབས་(Mr SK Pattanayak) དང་ཐུག་འཕྲད་གནང་ཡོད། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ (Mr SV Ranganath)ལགས་ཀྱི་ལས་དུས་སྐབས་སུ། ཁོང་གིས་མངའ་སྡེ་དེའི་ནང་གནས༌སྡོད་བོད་མིའི་གཞིས་ཆགས་ཁག་གི་འཐུང་ཆུ་དང་གཞུང་ལམ་བཟོ་བཅོས། གློག་གི་མཐུན་རྐྱེན་བཟང་དུ་བཏང་བ་སོགས་མཐུན་རྐྱེན་སྦྱར་འདུག་པ་བཅས། །