༢༠༡༤ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ སྦེལ་ཇམ་གྱི་རྒྱལ་ས་སྦར་སི་ནང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ (Tibet Intergroup) ཚོགས་འདུ་ཐེངས་བརྒྱ་ཐམ་པ་དེ་སྐོང་ཚོགས་གནང་ཡོད།
དེ་ཡང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (Thomas Mann) ཐོ་མ་སི་མན་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་ཐོག་མར་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་སྐོར་ལ་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་ཡོད་སྐོར་ངོ་སྤྲོད་གྲུབ་མཚམས་༸གོང་ས་མཆོག་གིས་ལྷན་ཚོགས་ཐེངས་བརྒྱ་ཐམ་པའི་ཐོག་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས།
དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ནས་བོད་དོན་རྒྱབ་སྐྱོར་ཐད་བསམ་ཚུལ་སྙིང་བསྡུས་རེ་གསུང་བཤད་གནང་། ལྷག་པར་ཚོགས་འདུའི་སྟེང་ཆེད་དུ་གདན་ཞུ་གནང་བའི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པ་སྐུ་ཞབས་ (Matteo Mecacci) ལགས་གཉིས་ཀྱིས་བོད་དོན་སྐོར་གཏམ་བཤད་གནང་། དེ་བཞིན་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སི་པན་གྱི་ཁྲིམས་རྩོད་པ་ (Mr. Alan Cantos) དང་ (Mr. José Elias Esteve Molto) བཅས་ཀྱིས་ལོ་མང་རིང་སི་པན་རྒྱལ་ཡོངས་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཟུར་པ་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ལྔས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པའི་ནག་ཉེས་ཁྲིམས་གཏུག་བྱས་པའི་བརྒྱུད་རིམ་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སི་པན་རྒྱལ་ཡོངས་ཁྲིམས་ཁང་ནས་རྒྱ་ནག་གི་འགོ་ཁྲིད་འཛིན་བཟུང་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་པར་རྒྱ་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་སྐོར་ངོ་སྤྲོད་གནང་།
དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་བོད་དོན་སྐོར་གསུང་བཤད་གནང་དོན། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་གདུང་སེམས་མཉམ་སྐྱེ་དང་ཁ་ཞེ་གཉིས་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སུ་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་སྣེ་ཁྲིད་གནང་རྒྱུ་རེ་བ་ཞུ་བཞིན་ཡོད། ཉེ་ཆར་རང་ལོ་ ༢༥ ཙམ་ལ་སོན་པའི་བློ་བཟང་རྡོ་རྗེ་ལགས་ཀྱིས་ཨ་མདོ་རྔ་པར་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། ཁོང་ནི་ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཁྱོན་བོད་མི་གྲངས་ ༡༢༦ བྱུང་ཡོད་ཁོངས་ནས་གཅིག་ཆགས་ཡོད། ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་ཐུགས་ཁུར་དང་བོད་རྒྱའི་དཀའ་ངལ་རྣམས་ཞི་བའི་འབྲེལ་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱབ་སྐྱོར་གནང་དང་གནང་མུས་དེས་བོད་མི་ཚོར་རེ་བ་ཆེན་པོ་ཞིག་སྦྱིན་བཞིན་ཡོད། རྒྱ་ནག་གི་དབུ་ཁྲིད་གསར་པ་ཚོས་ད་ལྟའི་ཆར་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་མེད་ཀྱང། རྒྱ་ནག་གི་དབུ་ཁྲིད་མང་པོ་ཞིག་གི་ནང་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་བསམ་བློ་གཏོང་མཁན་ཡོང་གི་ཡོད་ལ་དེར་ངོ་རྒོལ་བྱེད་མཁན་ཡང་ཡོང་གི་ཡོད་འདུག ཅེས་སོགས་ཀྱི་གསུང་བཤད་གནང།
མཐར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་ནང་གི་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་མ་འོངས་འགོ་ཁྲིད་སྐོར་གྱི་ཟབ་སྦྱོང་སྤྲད་ཡོད་པ་དེ་བཞིན་བརྙན་འཕྲིན་བརྒྱུད་མི་མང་ལ་བསྟན་འདུག ཉིན་དེའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་ཐེངས་བརྒྱ་ཐམ་པའི་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་དང་ལས་བྱེད་ཁག་གཅིག བོད་དོན་རྒྱབ་སྐྱོར་བ། སྦེལ་ཇམ་ནང་གནས་སྡོད་བོད་རིགས་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ཚོགས་ཞུགས་གནང་འདུག
ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས་གནང་བ།
གསར་གནས།
འབྲེལ་གནས།