༢༠༡༤ ཟླ་ ༢ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་དབུས་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་དང་གཡང་མཁོ་རྒྱལ་ལགས་བཅས་ཀྱིས་བོད་པའི་གསར་འགོད་པ་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་བར་མའི་འོས་བསྡུའི་མཇུག་འབྲས་གསར་འགོད་གསལ་བསྒྲགས་གནང་ཡོད།
དེ་ཡང་ཐོག་མར་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་འོས་བསྡུའི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་སྔོན་འགྲོའི་ལས་རིམ་ཟིན་པ་རེད། འོས་བསྡུ་རྒྱ་བལ་གཉིས་ནང་བྱས་ཡོད། འོས་བསྡུ་དེའི་ནང་ལ་ས་གནས་འོས་བསྡུ་ལས་ཁང་ཁག་ ༥༠ མཉམ་ཞུགས་གནང་ཡོད། དེའི་ནང་ནས་མཐོ་སློབ་ཁག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་ལས་བྱེད་མེད་སར་སློབ་ཕྲུག་ཚོར་འོས་ཤོག་བླུག་རྒྱུའི་ཆ་རྐྱེན་ཚང་བ་རྣམས་ཀྱི་ཐོབ་ཐང་མ་བརླག་པའི་ཆེད་འོས་བསྡུའི་སྒྲིག་གཞི་ནང་གསལ་ལྟར། འཕྲལ་སེལ་འོས་བསྡུ་ལས་ཁང་གོ་སྒྲིག་བྱས་ཡོད། ཅེས་སོགས་ཀྱི་ངོ་སྤྲོད་གནང་གྲུབ་མཚམས་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་ཐེངས་འདིའི་བར་མའི་སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་གསལ་བསྒྲགས་གནང་གསལ།
༡༽བཀྲ་ཤིས་དོན་གྲུབ། ཕ་ཡུལ་མགོ་ལོག་གསེར་རྟ། ད་ལྟའི་སྡོད་གནས་བལ་ཡུལ། འོས་གྲངས་ ༣༤༧ ཐོབ་ཡོད།
༢༽ཨ་ཚོགས་ཀླུ་མཁར་བྱམས། ཕ་ཡུལ། ཨ་ཚོགས། ད་ལྟའི་སྡོད་གནས་རྡ་ས། འོས་གྲངས་ ༡༩༤ ཐོབ་ཡོད།
༣༽ཚངས་དབྱངས་རྒྱ་མཚོ། ཕ་ཡུལ། མགོ་ལོག ད་ལྟའི་སྡོད་གནས་རྡ་ས། འོས་གྲངས། ༡༤༤ ཐོབ་ཡོད།
༤༽ཀརྨ་དགེ་ལེགས། ཕ་ཡུལ། བྱ་ཁྱུང། ད་ལྟའི་སྡོད་གནས་བྷན་ངྷ་ར། འོས་གྲངས། ༡༠༧ ཐོབ་ཡོད།
༥༽སྤྲོ་ཚིགས་ཆོས་གྲགས། ཕ་ཡུལ། མདོ་སྨད་རྔ་པ། ད་ལྟའི་སྡོད་གནས་རྡ་ས། འོས་གྲངས་ ༧༡ ཐོབ་འདུག
ཐེངས་འདིའི་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་མི་གྲངས་ ༣༩༦༥ བྱུང་བ་དང་། འོས་ཤོག་དངོས་སུ་འཕེན་མཁན་མི་གྲངས་ ༡༢༣༥ བྱུང་འདུག ཅེས་ངོ་སྤྲོད་གནང་གྲུབ་མཚམས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།