བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་བསྒྱུར་སྒྲིག་གནང།
༄༅། །དཔྱད་རྩོམ་འདི་བཞིན་རྒྱ་ཡིག་གི་དྲ་རྒྱ་༼博讯༽བོ་ཤུན་ཞེས་པའི་ནང་དུ་ཕྱི་ལོ་ ༢༠༠༧།༡༢།༦ ཉིན་འགོད་སྤེལ་བྱས་ཏེ་ཉེ་དུས་སླར་ཡང་༼༢༠༡༤།༡།༢༠༽དྲ་རྒྱ་དེ་གའི་ནང་བསྐྱར་བཀོད་བྱས་འདུག རྩོམ་པ་པོ་རྒྱ་ནག་ནང་དུ་ཡོད་པར་བརྟེན་བདེ་འཇགས་ལ་བསམ་ཞིབ་ཀྱིས་མིང་འགོད་བྱས་མི་འདུག་ཀྱང་། རྩོམ་ཡིག་དེའི་ནང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་དུ་བེད་སྤྱད་པའི་མཆོད་པའི་ཡོ་ཆས་ཀ་ལི་དང་། རྐང་གླིང་། རྔ་སོགས་ཀྱི་རྒྱུ་ཆ་ཡོང་ཁུངས་དང་དེ་དག་གི་མཚོན་དོན་བཅས་ཀྱི་ཐད་འགྲེལ་བརྗོད་ཡང་དག་བརྒྱབ་སྟེ། རྒྱ་ནག་གཞུང་གི་ད་ཕན་མཆོད་པའི་ཡོ་ཆས་དེ་དག་ལ་མི་བདེན་རྫུན་སྒྲིག་གིས་ལོག་བཤད་ལ་དགག་ལན་དོན་ཕན་ལྡན་པ་བརྒྱབ་འདུག་པས། རྒྱ་ཆེའི་གསར་ཤོག་ཀློག་པ་པོ་རྣམས་ཀྱིས་མཁྱེན་རྟོགས་སླད་རྒྱ་ཡིག་ནས་བོད་ཡིག་ནང་བསྒྱུར་སྒྲིག་བྱས་ཡོད་པས་གཟིགས་ཞིབ་ཡོང་བ་ཞུ། བསྒྱུར་པ་པོས།
རྒྱ་ནག་དམར་གཞུང་གི་གཡོན་ཐལ་ཆེ་བའི་༼ལོ་རབས་དྲུག་ཅུ་བདུན་ཅུའི་༽དུས་སྐབས་སུ། ས་ཁུལ་མང་པོའི་ནང་བོད་ཀྱི་ནང་ཆོས་ལ་དགག་པ་བརྒྱབ་པའི་འགྲེམས་སྟོན་བཤམས་མྱོང་ཡོད། འགྲེམས་སྟོན་དེ་ཚོའི་ནང་འགྲེམས་བཤམས་བྱས་པའི་ནང་པའི་མཆོད་ཆས་ཀ་པ་ལི་འམ་ཀ་ལི་དང་། རྐང་གླིང་། དེ་བཞིན་མི་ལྤགས་ཀྱིས་བཟོས་པ་རེད་ཟེར་བའི་རྔ་བཅས་ནང་ཆོས་བྱེད་མཁན་གྱི་དགེ་འདུན་པས་མི་བསད་དེ་མི་མང་ལ་མནར་གཅོད་བཏང་བའི་སྡིག་ཉེས་བསགས་པའི་ཉེས་དཔང་ཡིན་སྐོར་བཤད་འདུག་པ་སྟེ། ཀ་པ་ལི་ནི་གྲྭ་པའི་ལྟོ་ཟ་སའི་ཕོར་པ་རེད། ད་དུང་ཀ་ལི་དེ་ཚོ་ནི་མི་བསད་དེ་བྱུང་བ་རེད། ཅེས་བཤད་འདུག མི་ལྤགས་ཀྱིས་བཟོས་པའི་རྔ་ཟེར་བ་ནི་དོན་དངོས་ཐོག་ཡོད་པ་མ་རེད། རྒྱུན་ཤེས་ཕྲན་ཙམ་ཤེས་མཁན་ཞིག་ཡིན་ན། མིའི་ལྤགས་པ་ཧ་ཅང་སྲབ་པོ་ཡིན་སྟབས་རྔ་བཟོ་མི་ཐུབ་པ་དང་། དེ་བས་ལོ་མང་ནང་ཉིན་གཅིག་ལྟར་གྲྭ་པས་རྔ་ཚ་རྡུང་བྱས་ནས་ལྷག་པའི་མི་ལྤགས་ཀྱི་རྔ་གཅིག་གུང་ཁྲན་ཏང་གི་ལག་ཏུ་རག་ཡོད་ཟེར་བ་ནི་མི་རྣམས་གོད་བྲོ་བའི་འཆལ་གཏམ་རང་རེད། འདི་ལྟ་བུའི་བོད་ཀྱི་ནང་ཆོས་ལ་ཆ་རྒྱུས་གང་ཡང་མེད་པའི་རྫུན་གཏམ་བཤད་པ་དེར་ཧ་ལས་དགོས་དོན་མེད། གང་ཡིན་ཞེ་ན། དེའི་སྐབས་ནི་གུང་ཁྲན་ཏང་གི་ས་ཞིང་མུའུ་གཅིག་ལ་ཐོན་འབབ་རྒྱ་མ་ཁྲི་ཐོན་གྱི་ཡོད་ཟེར་བའི་འུར་གཏམ་ཤོད་པའི་ལོ་དུས་ཡིན་པས་སོ།
མི་ལྤགས་ཀྱིས་བཟོས་པའི་རྔ་ཞེས་པ་ནི། དོན་དངོས་ཐོག་ལུག་དང་གཡག་སོགས་ཀྱི་ལྤགས་པས་བཟོས་པ་ཞིག་ཡིན་ཞིང་། པགས་པ་དེ་དག་ཀྱང་ཆེད་དུ་སྒོ་ཕྱུགས་སེམས་ཅན་བསད་དེ་བྱུང་བ་ཞིག་མ་ཡིན་པར། འབྲོག་པ་ཚོས་རང་གི་སྒོ་ཕྱུགས་སེམས་ཅན་གྱི་ཁོངས་ནས་ནོར་དང་ལུག་རྒན་ཤོས་དེ་ལོ་རྒས་ནས་ཤི་རྗེས། དེ་དག་གི་པགས་པ་རྣམས་བཤུས་ཏེ་དགོན་པར་རྔ་བཟོ་ཆེད་ཡར་ཕུལ་ནས་སེམས་ཅན་དེ་དག་བདེ་འགྲོ་ལྷ་མིའི་གོ་འཕང་འཐོབ་རྒྱུའི་བསྔོ་སྨོན་ཞུ་ཡི་ཡོད། བོད་ཀྱི་འབྲོག་པ་རྣམས་ཀྱིས་འདི་ལྟ་བུའི་འདས་མཆོད་ཞུ་བར་བརྟེན་ནས་མི་ཚེ་གཅིག་རིང་ཁ་གྲག་མི་ཤེས་མཁན་གྱི་སྒོ་ཕྱུགས་སེམས་ཅན་དེ་དག་ལ་དྲིན་གསོ་བ་དང་རྗེས་དྲན་ཞུ་བའི་སེམས་པ་མཚོན་ཡོད། འབྲོག་པ་དེ་རྣམས་ཀྱིས་ནང་ཆོས་ཀྱི་དཔེ་ཆ་མང་པོ་ལྟ་མ་མྱོང་བས་གནས་ལུགས་རྒྱུ་མཚན་མང་པོ་ཤོད་མི་ཐུབ་ཀྱང་། ཁོང་ཚོའི་ཉིན་རེའི་སྟབས་བདེའི་འཚོ་བའི་ནང་ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་སེམས་བཟང་གི་འོད་ཟེར་འཕྲོ་བཞིན་ཡོད།
སྤྱིར་བཏང་ཞིང་འབྲོག་མི་མང་ཚོའི་བསམ་བློ་གཏོང་སྟངས་འདི་ལྟར་ཡིན་ན། ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་བྱང་སེམས་སྒོམ་མཁན་གྱི་བོད་བརྒྱུད་ནང་བསྟན་གྱི་ནང་པ་རྣམས་དེ་བས་ཀྱང་ཞུ་མི་དགོས་པ་རེད། ཁོང་རྣམ་པས་འགྲོ་བ་སེམས་ཅན་ཐམས་ཅད་རང་གི་བརྩེ་བའི་མ་ལ་བརྩིས་ཏེ། རྒྱུན་དུ་དྲིན་གསོ་ཡུལ་ཞིག་ཏུ་རྩི་བཞིན་དུ་གདུག་རྩུབ་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མི་གཞན་ལ་གནོད་འཚེ་གཏོང་སྲིད་དམ། དགེ་བཙུན་རྣམས་ཀྱིས་དུས་རྒྱུན་དུ་འབུ་གྲོག་མ་ཙམ་ཞིག་གསོད་མི་ཕོད་པར། རང་དང་འདྲ་བའི་འགྲོ་བ་མིའི་རིགས་ལ་དེ་བས་ཀྱང་གདུག་རྩུབ་ཆེན་པོས་ག་ནས་གསོད་ནུས་སམ། འོན་ཀྱང་འདི་ལྟ་བུའི་བོད་བརྒྱུད་ནང་བསྟན་དང་དབེན་པར་གནས་པའི་དགོན་སྡེ༌ཁག་ལ་དམའ་འབེབས་འཁྱོག་བཤད་བྱེད་པའི་འགྲེམས་སྟོན་ཁག་དང་། དེ་ལ་གནམ་ས་ཁ་སྦུག་ལྟ་བུའི་དྲིལ་བསྒྲགས་ཀྱི་གཞོགས་འདེགས་དང་གླེང་ཕྱོགས་ཀྱི་བཟོས་པར་བརྟེན། གནས་ཚུལ་ངོ་མ་མི་ཤེས་པའི་མི་མང་པོ་ཞིག་གིས་དུས་ཡུན་རིང་པོའི་ནང་བོད་བརྒྱུད་ནང་བསྟན་ནི། མི་ལ་གཉའ་གནོན་བཤུ་གཞོག་གཏོང་མཁན་ངན་རུལ་ཞིག་ཡིན་པའི་བག་ཆགས་གཏིང་ཟབ་བཞག་ཡོད། གཞི་རྐང་ཁུངས་ལུང་རྩ་བ་ནས་མེད་པའི་མི་བདེན་རྫུན་གཏམ་འདི་དག་སྔ་ས་ནས་རྒྱ་ནག་ནང་གཡོན་ཐལ་ཅན་གྱི་བསམ་བློ་དང་ཉི་མ་དམར་ཤོས་དམར་ཤོས་ཡིན་ཟེར་བའི་མའོ་ཡི་བསམ་བློའི་ཤུགས་རྐྱེན་རིམ་པས་ཉམས་ཞན་དུ་གྱུར་ཏེ་མི་རྣམས་ཀྱི་དྲན་པའི་ཡུལ་ནས་མེད་པ་གྱུར་ཟིན་ནའང་། ཉེ་བའི་ཆར་ཐེ་ཝན་དུ་གནས་འཁོད་ཉིན་ལྟར་རྫུན་གཏམ་བཤད་དེ་ལྟོ་སློང་མཁན་རིག་གནས་པ་ཡིན་ཟེར་ཁ་པོ་ཅན་ལིས་ཨའོ་ཞེས་པས།
ལོ་རྒྱུས་ཀྱི་གད་སྙིགས་ནང་ནས་ཁུངས་ལུང་གཞི་རྩ་མེད་པའི་བརྗོད་ཚིག་རྙིང་རུལ་རྣམས་ཡར་སྒྲུག་སྟེ་མི་ཤེས་ཤེས་ཚུལ་གྱིས་ཡང་བསྐྱར་ཚིག་རོ་རྙོག་བཤད་བྱས་ཏེ། རྒྱ་ནག་དམར་གཞུང་གིས་དགོས་དབང་ལྟར་བོད་བརྒྱུད་ནང་བསྟན་ལ་ངན་ཁག་དཀྲིས་པ་བརྒྱུད་ལོ་རབས་ལྔ་ཅུ་དྲུག་ཅུའི་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་དགོན་པ་གཏོར་ཞིང་དགེ་བཙུན་རྣམས་དམར་གསོད་དང་། གཞི་རྒྱ་ཆེ་བའི་བོད་ཀྱི་ནང་ཆོས་དང་། བོད་ཀྱི་རིག་གཞུང་རྩ་མེད་བཟོས་པའི་འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱས་པའི་སྡིག་ཉེས་དག་ཐབས་སུ་ཁ་གཡར་ས་བཙལ་ནས། སླར་ཡང་གནས་ཚུལ་ངོ་མ་མི་ཤེས་པའི་མི་མང་པོ་ཞིག་ལ་མགོ་སྐོར་གཏོང་རྩིས་བྱེད་བཞིན་ཡོད་པ་དང་། མི་འགའ་ཤས་ཤིག་གིས་ཕྱོགས་ཞེན་དང་རྨོངས་ཚོད་ཀྱི་རིག་གནས་སྔོན་ཐོན་ཡིན། ཞེས་པའི་ཟེར་རྗེས་སུ་འབྲང་གི་ཡོད། འདི་ལྟ་བུའི་རྨོངས་པའི་ཧམ་གཏམ་བཤད་དེ་དམའ་འབེབས་བྱས་ན་བོད་རྒྱ་མཐུན་སྒྲིལ་ལ་ཇི་ལྟར་ཕན་བསམ། དེ་ཙམ་མ་ཟད་རྒྱ་ནག་དང་རྒྱ་མི་རིགས་ཀྱི་གཟུགས་བརྙན་གོང་མཐོར་ཇི་ལྟར་འགྲོ་སྲིད་དམ། དེའི་ཐད་ལས་རྒྱུ་འབྲས་ཀྱི་བསམ་བློ་ཡོད་མཁན་གྱི་ཀློག་པ་པོ་རྣམས་ཀྱིས་དགོངས་པ་ཟབ་བཞེས་གནང་དགོས།
མི་འགའ་རེས་ནང་པའི་གསང་སྔགས་ཀྱི་གཞུང་ནས་བཤད་པའི་སྒོ་སྲུང་ཁྲོ་བོའི་ལྷ་༼སྐུ་བརྙན་༽མཇལ་སྐབས་དོགས་པ་སྐྱེས་ནས་གོ་དོན་མི་རྟོགས་པ་སྟེ། ནང་ཆོས་ཀྱིས་བྱམས་བརྩེ་བཤད་ཀྱང་ནང་པའི་ཁྲོ་བོའི་ལྷ་རྣམས་འཇིགས་སྣང་ཚ་བོ་ཡོད་སྟབས། ཁོང་ཚོའི་སེམས་ནང་དངོས་འབྲེལ་བྱས་ན་ནང་ཆོས་ཀྱི་ལྷ་རྣམས་མཇལ་འདོད་པའི་ཞི་བདེ་བག་ཕེབས་ཤིག་དང་། སྤྱན་ཟུང་ནས་བྱམས་བརྩེའི་འོད་ཟེར་འཕྲོས་ཞིག་ཡིན་དགོས་པ་སྙམ་ཡང་། ཁྲོ་བོའི་ལྷ་རྣམས་ནི། ཁྲོ་ཉམས་ཀྱི་སྡང་མིག་ལྟ་བ། ཞལ་ནས་ཁྲག་འཛར་བའི་མཆེ་བ་སྟོན་པ། དེ་ཙམ་མ་ཟད་དབུ་ལ་མིའི་ཀ་ལིའི་མགུལ་རྒྱན་གྱིས་བརྒྱན་ཞིང་། ཕྱག་ཏུ་མཚོན་ཆ་སྣ་ཚོགས་ཐོགས་འདུག་པས། མཐོང་བ་ཙམ་གྱིས་འཇིགས་སུ་རུང་བ་ཞིག་ཡོད་ན་མི་འགའ་རེས་༼རྒྱ་མི་རིགས་ནང་༽ཁྲོ་བོ་རྣམས་ཀྱི་མཚོན་དོན་ཤེས་ཀྱི་མེད་པར་བརྟེན། བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ཁས་བླང་མི་ཐུབ་པ་མ་ཚད། དེ་བས་སྐུར་འདེབས་ཀྱང་ཞུ་བའི་བློ་སྐྱེ་ཡི་ཡོད།
དོན་དངོས་ཐོག་ཁྲོ་བོའི་ལྷ་རྣམས་བོད་བརྒྱུད་ནང་བསྟན་གཅིག་པུར་བདག་པ་ཞིག་མ་ཡིན་པར། རྒྱ་ནག་ནས་བརྒྱུད་པའི་ནང་ཆོས་ནང་དུ་ཡང་ཁྲོ་བོ་ཀང་ཞེས་པ་༼རྟ་མགྲིན་ཞལ་གཅིག་པྱག་གཉིས་པ་༽དང་། བྱང་ཆུབ་སེམས་དཔའ་སྨིན་དམའ་ “(金刚怒目,菩萨低眉)”ཞེས་པ་ཡོད་ཚུལ་བཤད། འདི་ལྟར་ན། ཤེས་རབ་དང་བྱང་སེམས་གཙོ་བོ་འཛིན་པའི་ནང་ཆོས་ལ་ཁྲོ་བོའི་ལྷ་ཡོད་དགོས་དོན་གང་ཡིན་ནམ་ཞེ་ན། མི་རླུང་ལངས་པའི་སྐབས་སུ། འཁྲུག་ཆ་ཆེ་བའི་སེམས་ཤུགས་ཤིག་སྐྱེས་ཏེ། ཛ་དྲག་ཆེ་བའི་བྱ་སྤྱོད་འགྲུབ་ཀྱི་ཡོད། ནང་ཆོས་ལས། ཁྲོ་བོའི་ལྷས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྐྱེ་འཕེལ་གྱི་གྲོལ་ལམ་བརྒྱུད་དེ་དག་འགོག་པའི་རྒྱུ་གསུམ་༼ཕྲ་རྒྱས་མ་སྤངས་པ། ཡུལ་ཉེ་བ། ཚུལ་མིན་ཡིད་བྱེད་༽དང་ཉོན་མོངས་ཅན་གྱི་མི་ཤེས་པ་གཏན་དུ་སྤངས་ཤིང་། འགྲོ་བ་ལ་ཕན་བཏགས་པའི་ཆོད་སེམས་ཆེན་པོ་མཚོན་པ་བཤད་ཡོད། དེར་བརྟེན་ཁྲོ་བོའི་ལྷ་དང་ཡི་དམ་ཞི་བའི་༼སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་༽ལྷ་རྣམས་ཆོས་ཉམས་ལེན་པ་ཚོའི་དད་གུས་དང་ཡིད་ཆེས་བྱེད་ཡུལ་གྱི་ལྷ་ཡིན། ཁྲོ་བོ་དང་ཡི་དམ་ཞི་བའི་ལྷ་གང་རུང་ཞིག་ཉམས་ལེན་ཞུ་མཁན་ཡིན་ནའང་། མཐའ་མའི་དམིགས་ཡུལ་ནི། ས་ལམ་གྱི་ཡོན་ཏན་རབ་རྫོགས་ནས། ཐར་པའི་གོ་འཕང་འཐོབ་རྒྱུ་ཞེས་པ་དང་། ཕྲལ་སེལ་གྱི་དམིགས་ཡུལ་ནི། རྐྱེན་ངན་བར་ཆད་སེལ་ནས་འགྲོ་བ་རྣམས་བྱ་བ་ལམ་འགྲོ་ཡོང་ཆེད་ཡིན་པར་བཤད།
མདོ་དོན་དེ་དག་ཐམས་ཅད་སྐྱེ་འགྲོ་རྣམས་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་འཐོབ་རྒྱུའི་ཆེད་དུ་ཡིན། དམིགས་བསལ་དོ་སྣང་བྱེད་དགོས་པ་སྟེ། གསང་སྔགས་ནས་བཤད་པའི་སྒོ་སྲུང་ཁྲོ་བོར་ཉམས་ལེན་བྱེད་མཁན་ཞིག་ཡིན་ན། དང་ཐོག་འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་འཐོབ་པའི་བྱང་སེམས་སྲ་བཞིན་བརྟན་པ་ཞིག་སྐྱེ་དགོས་པ་མ་ཟད། འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་སྐྱོབ་ཆེད་བདག་ཉིད་སངས་རྒྱས་པའི་དམ་བཅའ་བརྟན་པོ་ཞིག་ཡོད་དགོས། བྱང་སེམས་དང་སྙིང་རྗེ་ནི་ཉམས་ལེན་གྱི་རྩ་བ་ཡིན་པ་དང་། ཡི་དམ་ཁྲོ་བོ་བསྒོམ་རྒྱུ་ནི་ཉམས་ལེན་གྱི་བྱ་ཐབས་ཤིག་རེད། གལ་ཏེ་ཉམས་ལེན་པ་ཞིག་ལ་བྱང་སེམས་དང་སྙིང་རྗེའི་སེམས་པ་བརྟན་པོ་ཞིག་མེད་པར་ཡི་དམ་ཁྲོ་བོ་བསྟེན་པ་དང་ཉམས་ལེན་བྱ་དབང་དུ་གཏང་ན་དགེ་ལས་གནོད་འཚེ་ཆེ་བ་འོང་རྒྱུ་ནི་དོན་མི་ཟ། ཁྲོ་བོའི་ལྷ་འགའ་ཞིག་ལ་མཚོན་ཆ་སྣ་ཚོགས་ཐོགས་ཡོད་པ་དང་། ལ་ལས་རྐང་འོག་ཏུ་མི་རོ་མནན་པ་དེ་ཚོར་མི་རྣམས་ཀྱིས་གོ་དོན་རྟོགས་ཐུབ་ཀྱི་མེད། དོན་དམ་དུ་ཕྱིའི་སྣང་བརྙན་དེ་དག་སོ་སོར་ནང་ཆོས་ཀྱི་མཚོན་དོན་རེ་བསྟན་གྱི་ཡོད། དཔེར་ན། མི་རོ་ནི། བདག་འཛིན་མཚོན་པ་དང་། བདག་འཛིན་ལ་རང་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་དང་ཕུང་པོ་འདི་འཛིན་འདི་གཉིས་ལ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཞེས་བརྗོད་ཅིང་བདག་འཛིན་འདི་གཉིས་མ་བཟློག་ན་འཁོར་བའི་སྡུག་བསྔལ་ཟློག་པའི་ཐབས་གཞན་མེད། རྐང་འོག་ཏུ་མི་རོ་མནན་པ་སྟེ། བདག་འཛིན་འདི་གཉིས་བཟློག་པའི་མཚོན་དོན་ཡིན་པར་བཤད། དེ་ནས་ཡི་དམ་ཁྲོ་བོའི་ལག་ཏུ་ཀ་ལི་འཁྱེར་ཡོད་པ་མཐོང་རྒྱུ་ཡོད་པ་དང་། ཆོས་ཉམས་ལེན་པ་འགའ་རེའི་མཆོད་པའི་ཡོ་ཆས་ནང་ཀ་ལི་ཡོད་པ་དེ་ཚོ། བདེ་སྟོང་ཡེ་ཤེས་དང་མི་རྟག་པའི་གོ་དོན་ཡང་བསྟན་པར་བཤད། དེ་མིན་བོད་ཁུལ་གྱི་དགོན་སྡེ་ཁག་ནང་མིའི་རྐང་རུས་ཀྱིས་བཟོས་པའི་རྐང་གླིང་དང་ཀ་ལི་སོགས་མཆོད་པའི་ཡོ་ཆས་འགའ་ཡོད། ཡོ་ཆས་དེ་དག་གི་འབྱུང་ཁུངས་གཉིས་ཡོད་པ་སྟེ། ༡། བོད་མི་རྣམས་འདས་གྲོངས་སུ་གྱུར་རྗེས་བྱ་གཏོར་བྱེད་ཀྱི་ཡོད། ༼བྱ་གཏོར་བྱེད་པའི་དམིགས་ཡུལ་ནི། མི་འདས་གྲོངས་གྱུར་རྗེས་ཀྱི་ཕུང་པོ་དེ་མི་རོ་ཟས་ཏེ་འཚོ་བའི་བྱ་རྒོད་རྣམས་ལ་ལུས་ཀྱི་སྦྱིན་པ་བཏང་སྟེ་དགེ་བའི་ལས་མཐའ་མ་དེ་སྒྲུབ་པ་བྱེད་ཀྱི་ཡོད། དེ་ཡང་འགྲོ་བ་རིགས་དྲུག་ལ་བྱམས་སྙིང་རྗེའི་སྙིང་སྟོབས་ཤིག་མཚོན་པ་ཡིན།༽
དེ་བཞིན་བྱ་གཏོར་བྱས་ཁོངས་ནས་མིའི་ཀ་ལི་འཚོལ་རྒྱུ་ལས་སླ་པོ་ཡིན། ༢། དེང་རབས་མི་རྣམས་ཀྱིས་རང་འགུལ་ངང་རང་གི་མིག་སྤྲིན་དང་དབང་པོ་གཞན་ཁག་འདས་གྲོངས་གྱུར་རྗེས་སྨན་ཁང་དུ་ཞལ་འདེབས་ཕུལ་ནས་མི་གཞན་ལ་ཕན་པའི་བདེ་བ་འཐོབ་འཇུག་པ་ལྟར། བོད་ཁུལ་གྱི་ནང་པའི་ཆོས་པ་མང་པོས་རང་ཉིད་ཤི་བའི་རྗེས་རང་གི་ཀ་ལི་དང་རྐང་དུང་སོགས་དགོན་པར་འབུལ་རྒྱུ་མངགས་ནས་དེ་དག་མཆོད་པའི་ཡོ་ཆས་སུ་ཕུལ་ནས་དགེ་བ་སྒྲུབ་པ་བྱེད་ཀྱི་ཡོད་པ་ལས། ཆེད་དུ་མི་བསད་དེ་ཀ་ལི་དང་རྐང་དུང་བླངས་ཏེ་རྐང་གླིང་བཟོས་པ་ཞིག་རྩ་བ་ནས་མ་རེད། དེ་ཡང་མིའི་ཕུང་པོར་གཤག་བཅོས་བྱས་ཏེ་དབང་པོ་མི་གཞན་ལ་སྐྱེས་སུ་ཕུལ་ནས་བེད་མེད་དབང་པོས་ཕན་པ་བསྒྲུབ་པ་ལྟར་བྱ་བ་བཟང་པོ་ཞིག་ཡིན། གསོ་རིགས་སློབ་གཉེར་ཁང་དང་མཛེས་རིས་སློབ་གཉེར་ཁང་གིས་མིའི་ལུས་པོར་བརྟག་ཞིབ་བྱེད་སྐབས། མིའི་ལུས་ཀྱི་རུས་སྒྲོམ་ནི་མེད་དུ་མི་རུང་བའི་སློབ་ཆས་ཤིག་ཡོད་དགོས་པས། དེ་ལ་ཧ་ལས་ཡ་མཚན་སྐྱེ་དགོས་པ་དང་། དེ་བས་དེ་དག་ཆེས་གདུག་རྩུབ་དང་ཆེས་ཀླ་ཀློ་རེད་ཟེར་བཤད་དགོས་དོན་མེད། དེ་མཚུངས་ཁྲོ་བོའི་སྐུ་བརྙན་གྱི་ལག་ཏུ་ཀ་ལི་ཐོགས་པ་དང་ནང་ཆོས་ཉམས་ལེན་པས་རྐང་གླིང་བེད་སྤྱད་པ་དེ་དག་དོན་དངོས་ཐོག་ནང་པ་སངས་རྒྱས་པ་རྣམས་ཀྱི་འགྲོ་བ་མིར་དམ་པའི་ཆོས་གསུངས་པའི་མཆོད་པའི་ཡོ་ཆས་ཙམ་ཞིག་ལས། དེ་ཚོ་དང་གདུག་རྩུབ་དང་ལོག༌ཆོས་ངན་རུལ་ཟེར་བ་དང་འབྲེལ་བ་རྩ་བ་ནས་མེད། དེ་ལས་ཟློག་སྟེ་ནང་པ་སངས་རྒྱས་རྣམས་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་མཐའ་མེད་པ་དེ་དག་བརྩེ་བའི་མས་རང་གི་བུ་སྐྱོངབ་བཞིན། དུས་གཏན་དུ་མཚམས་མི་འཇོག་པར་ངལ་བ་ཁྱད་བསད་ཀྱིས་ཚད་མེད་པའི་ཐབས་དང་ཤེས་རབ་ལ་བརྟེན་ནས་གྲངས་ལས་འདས་པའི་འགྲོ་བ་སེམས་ཅན་རྣམས་བྱང་ཆུབ་སེམས་པའི་ལམ་དུ་འཁྲིད་དེ་ཐར་པའི་བདེ་བ་འཐོབ་འདོད་ཀྱི་སེམས་པ་གང་ལེགས་མངོན་པར་གསལ་ཡོད་དོ།། ༢༠༡༤།༡།༣༠ ཉིན་རྡ་ས་ནས།