༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་སྐྱ་བོ་ན་གཞོན་ཚོས་ཀྱང་རབ་བྱུང་པ་དང་གཅིག་མཚུངས་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པའི་དགོངས་དོན་དང་། ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་མགོན་པོ་གང་གི་བཀའ་དགོངས་བཞིན་བོད་རིགས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་སློབ་གཉེར་གནང་ཡུལ་༼གངས་ཅན་རིག་གནས་སློབ་གྲྭ་༽ཞེས་པའི་བསྟི་གནས་ཤིག་གསར་བཞེངས་གནང་ཡོད་པ་གཞིར་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་དུ་དེང་དུས་མཐོ་སློབ་བསླབ་པ་མཐར་སོན་སློབ་ཕྲུག་གྲངས་བཅད་ཅིག་ལ་ཕྱི་ལོ་ ༢༠༡༤ ལོར་ཟླ་བ་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཀྱི་ལས་གཞི་ཞིག་ལག་བསྟར་བྱ་རྒྱུ་ཡིན་ན། སློབ་དུས་འགོ་འཛུགས་སོགས་ཞིབ་ཕྲའི་གནས་ཚུལ་གཤམ་དུ་སྡེ་ཚན་སོ་སོར་བཀོད་ཡོད་པས། ཐུགས་འདུན་ཡོད་ལ་ཆ་རྐྱེན་ཚང་བའི་སློབ་ཕྲུག་རྣམས་ནས་འགེངས་ཤོག་ཞིབ་བཀང་ཐོག་དུས་བཀག་ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་སྙན་ཞུ་འབུལ་དགོས་པ་དེ་དོན་དགོངས་འཇགས་ཞུ།།
༡༽ ཚུགས་ཡུལ་དང་། ཟབ་ཁྲིད་དུས་ཡུན།
རྒྱ་གར་ལྷོ་ཕྱོགས་ཧུན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཟླ་ ༡༢ ཚེས་ ༣༡ བར།།
༢༽ སློབ་ཚན་རིའུ་མིག
ཨང༌། | གནས་རིམ། | ས་མིག་གྲངས། |
༡། | སྐད་ཡིག |
༡། སུམ་རྟགས། ལེགས་བཤད་ལྗོན་དབང་དང་། དཀའ་གནད་སེལ་བའི་མེ་ལོང་། ༢། སྙན་ངག ལེའུ་བར་པ་ལས་དཔེ་རྒྱན་དང་གཟུགས་རྒྱན་གང་འགྲོ ༣། དག་ཡིག ས་མཐའི་རྣམ་གཞག་དང་བྱིས་པ་དག་ཡིག ༤། རྩོམ་བྲིས། ཡིག་བསྐུར་རྣམ་གཞག་དང་རྩོམ་ཡིག་འབྲི་སྟངས། |
༢། | སྔོན་འགྲོ |
༡། གྲུབ་མཐའ། གྲུབ་མཐའ་བཞིའི་རྣམ་གཞག་ངོ་སྤྲོད། ༢། ཆོས་འབྱུང་། སྤྱིར་དམ་པའི་ཆོས་འབྱུང་ཚུལ་དང་། བྱེ་བྲག་བོད་དུ་ནང་བསྟན་དར་ཚུལ་ངོ་སྤྲོད། |
༣། | ཚད་མ། |
༡། བློ་རིག སེམས་དང་སེམས་བྱུང་སྐོར། ༢། རྟགས་རིག ཚུལ་གསུམ་ངོ་སྤྲོད། ༣། རྣམ་འགྲེལ་ལེའུ་གཉིས་པ། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིག་པ་དང་། སྟོན་པ་ཚད་མར་སྒྲབ་པའི་རིག་པའི་སྐོར། |
༤། | ཕར་ཕྱིན། |
༡། སྐྱབས་གསུམ་ངོ་སྤྲོད། ༼བྱུང་ན་རྒྱུད་བླ་མའི་ལེའུ་དང་པོ་གང་ཐུབ་ཁྲིད་རྒྱུ།༽ ༢། བདེན་བཞི་བདེན་གཉིས་སྐོར། ༣། ས་བཅུ་ལམ་ལྔ། ༼བྱུང་ན་མངོན་རྟགས་རྒྱན་གྱི་ལེའུ་དང་པོ་གང་ཐུབ་ཁྲིད་རྒྱུ།༽ |
༥། | དབུ་མ། |
༡། གྲུབ་མཐའ། དབུ་སེམས་གཉིས་ཀྱི་ལྟ་བའི་ངོ་སྤྲོད་དང་། ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར་རྒྱས་པ། ༢། བདག་མེད། སྟོང་ཉིད། རྟེན་འབྲེལ་གྱི་རྣམ་གཞག་ངོ་སྤྲོད་རྒྱས་པ། |
༦། | མཛོད་དང་སྔགས། |
༡། མཛོད་གནས་གསུམ་པ།། ༼སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ཁམས་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས། ༢། གསང་སྔགས། ས་ལམ་རྣམ་གཞག་ངོ་སྤྲོད་མདོར་བསྡུས་དང་། མདོ་སྔགས་གཉིས་ཀྱི་ཁྱད་པར་སྐོར། |
༣༽ རྒྱུགས་སྤྲོད་དང་ལག་འཁྱེར།
སློབ་ཁྲིད་ཟིན་མཚམས་སློབ་ཚན་སོ་སོར་ངག་རྒྱུགས་དང་འབྲི་རྒྱུགས་གཏོང་བའི་ཐོག་ནས་གྲུབ་འབྲས་ཨང་ཤོག་དང་སྦྲགས་བསླབ་པ་མཐར་སོན་གྱི་ལག་འཁྱེར་སྤྲོད་རྒྱུ།།
༤༽ ཁྱོན་བསྡོམས་ས་མིག
ཁྱོན་བསྡོམས་སློབ་ཕྲུག་ ༣༢ བཞེས་རྒྱུ་དང་། དེ་ཡང་སྙན་ཞུ་འབྱོར་སྔ་རིམ་བཞིན་འདེམས་རྒྱུ།།
༥༽ དགོས་ངེས་ཆ་རྐྱེན།
མཐོ་རིམ་སློབ་གྲྭ་མཐར་སོན་པ་དང་། འཛིན་རིམ་བཅུ་གཉིས་བར་དུ་བོད་ཡིག་སྦྱང་མྱོང་བ། ཡང་ན་བོད་ཡིག་ཤེས་ཚད་གང་ལེགས་ཡོད་པ་ཞིག་ཡིན་དགོས།།
༦༽ སྙན་ཞུ་འབུལ་ཚེས་ཉིན་མཐའ་མ།
ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ཡིན།།
༧༽ སྙན་ཞུ་འབུལ་ཡུལ་ཁ་བྱང་།
The Secretary
Department of Religion and Culture, CTA
P. O. Dharamsala – 176215
District Kangra
Himachal Pradesh
༨༽ གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་།
Email: [email protected]
Phone: 01892 – 226737 / 222685 /
༩༽ དམིགས་བསལ་ཐུགས་སྣང་དགོས་པ།
སྙན་ཞུ་འབུལ་མཁན་ཚོར་ལས་རིམ་འདིའི་ཁོངས་སུ་ཞུགས་རྗེས་སློབ་དུས་མ་རྫོགས་བར་སློབ་གྲྭར་བཞུགས་ནས་ཟབ་སྦྱོང་མཐར་ཕྱིན་པར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ལ།། །།