ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ནང་འཚོགས་ལ་ཉེ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ཉེར་ལྔ་དང་སྟབས་བསྟུན་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་འབྲེལ་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ནཱ་ཝེ་པི་ལཱ་ (Navi Pillay) མཆོག་ལ། ལྷན་ཚོགས་དབུ་འབྱེད་སྐབས་ལྕམ་སྐུ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་འཁོད་དོན། ལྕམ་སྐུ་ནཱ་ཝེ་པི་ལཱ་མཆོག་གིས་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཉེར་ལྔའི་ཐོག་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། བོད་ཀྱི་ཛ་དྲག་གི་གནས་སྟངས་དང་བོད་མིའི་རང་དབང་གི་དཀའ་སྡུག་སྐོར་གླེང་སློང་གནང་དགོས་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་ལྕམ་སྐུ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཀྱི་བསྒྲགས་གཏམ་སྤེལ་བ་ནས་བཟུང་བོད་ནང་རྒྱ་གཞུང་གིས་འཆར་གཞིའི་ལྡན་པའི་དྲག་གཅོད་ཀྱི་ལས་འགུལ་དུས་ད་ལྟ་ཡང་ཉུང་ཉུང་དུ་བཏང་མེད། རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད། རྒྱ་ནག་གཞུང་ནས་བོད་མིའི་ཐོག་གང་བྱུང་མེ་མདའ་བརྒྱབ་པ་དང་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད། དེ་བཞིན་རྒྱ་རིགས་མང་པོ་བོད་ནང་གནས་སྤོ་བྱས་རྐྱེན་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་རྣམས་བརླག་ཉེན་མཚམས་སུ་སླེབས་ཡོད། ལྷག་པར་ཉེ་དུས་རྒྱ་ནག་གཞུང་ནས་མཁན་པོ་ཀར་ཚེ་ལགས་འཛིན་བཟུང་བྱས་ཡོད། ཁོང་ནི་སྤྱི་ཚོགས་ཀྱི་བདེ་ཐབས་དང་འབྲེལ་བའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་མཁན་ཞིག་ཆགས་ཡོད། ལྷག་པར་དེ་སྔ་ལྕམ་སྐུ་མཆོག་གིས་བོད་ནང་རྒྱ་ནག་གཞུང་ནས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱིས་བོད་ནང་བརྟན་ལྷིང་གི་སྤྱི་ཚོགས་ཤིག་ནམ་ཡང་བསྐྲུན་མེད་སྐོར་གྱི་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་ནས་བོད་ནང་དམ་བསྒྲགས་དེ་བས་ཀྱང་བྱེད་ཤུགས་ཆེ་རུང་བཏང་སྟེ་བོད་མིར་འཇིགས་སྣང་སྐྱེ་དགོས་པའི་གནས་སྟངས་ཤིག་བཟོས་ཡོད་པར་བརྟེན། ལྕམ་སྐུ་མཆོག་གིས་རིང་མིན་འཚོགས་ལ་ཉེ་བའི་ལྷན་ཚོགས་ཐེངས་ཉེར་ལྔའི་དབུ་འབྱེད་ཀྱི་གསུང་བཤད་ནང་བོད་དོན་ངེས་པར་དུ་གླེང་སློང་གནང་ན། སྔ་ལོའི་བསྐྱར་ཞིབ་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་ལ་བཏོན་པའི་བསྐྱར་ཞིབ་ཀྱི་དགོངས་ཚུལ་ཁག་རྒྱ་གཞུང་ནས་ལག་བསྟར་བྱེད་ཕྱོགས་ལ་ཏན་ཏན་ཁྱད་པར་འགྲོ་ངེས། ཡིིན་ཞེས། འཁོད་འདུག