༢༠༡༤ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །གྷོ་ཧ་ཊིར་འཚོགས་བཞིན་པའི་བོད་ཀྱི་དུས་སྟོན་ཉིན་གཉིས་པ་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༣ ཉིན་འཇིག་སླ་བའི་བོད་ཀྱི་ཁོར་ཡུག་མྱུར་ཚད་མགྱོགས་པོའི་ཐོག་ནས་ཉམས་རྒུད་འགྲོ་བཞིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ཁོར་ཡུག་དང་དེས་ཨེ་ཤི་ཡའི་གླིང་ཆེན་ཐོག་ཤུགས་རྐྱེན་ཇི་ཐེབས། ཞེས་པའི་བརྗོད་གཞིའི་ཐོག་གོ་རྟོགས་སྤེལ་འདུག སྐབས་དེར་ཁོང་གིས་བོད་ཀྱི་རང་འབྱུང་གཏེར་མཛོད་དེ་དག་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ཅིག་འཛེམ་ཟོན་མེད་པར་སྔོག་འདོན་བྱས་རྐྱེན་ཕུགས་རྒྱང་རིང་པོའི་ཆ་ནས་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྣོད་བཅུད་ལ་ཧ་ཅང་དོ་ཕོག་ཆེན་པོ་བཟོ་བཞིན་ཡོད་སྐོར་གསུངས་འདུག
ཕྱོགས་མཚུངས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཁུལ་དེར་ཡོད་པའི་སྒྱུ་རྩལ་ཚན་པའི་ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་ཡོད། སྐབས་དེར་འགྲེམས་སྟོན་ཐོག་ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་དང་། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་མཚན། ཞེས་པའི་བརྗོད་གཞི་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་པར་རིགས་ལམ་ནས་གསལ་སྟོན་གནང་ཡོད། སྒྱུ་རྩལ་ཚན་པ་དེའི་ནང་གནས་ཆུང་གྲྭ་ཚང་ནས་མར་གྱིས་བཟོས་པའི་མཆོད་རྫས་དང་དཀྱིལ་འཁོར་བཅས་འགྲེམས་སྟོན་གནང་ཡོད། དེ་བཞིན་དུས་སྟོན་སྐབས་བོད་ནང་རྒྱ་དམར་གྱིས་བཙན་འཛུལ་བྱས་པའི་དངོས་བྱུང་གློག་བརྙན་ “Red Flag over Tibet” ཞེས་པ་དང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་སྐོར་ “Tibet’s Stolen Child” ཞེས་པའི་གློག་བརྙན་སོགས་བསྟན་ཡོད་པ་མ་ཟད། བོད་སྨན་དང་། བོད་ཟས། བོད་ཀྱི་རྩོམ་རིག བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རིག་བཅས་འགྲེམས་སྟོན་དང་ཚོང་འགྲེམས་གནང་ཡོད། སྐབས་དེར་བོད་ཀྱི་དུས་སྟོན་ཐོག་བོད་ཀྱི་ཆོས་དང་རིག་གཞུང་གི་ཁྱད་ཆོས་ཉམས་སུ་ལེན་ཆེད་ཨ་སམ་ཁུལ་གྱི་ཡུལ་མི་དང་ཉེ་འཁོར་མངའ་སྡེ་ཁག་ནས་མི་མང་ཧ་ཅང་མང་དག་ཅིག་བསླེབས་ཡོད་འདུག