༢༠༡༤ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ནས་ ༤ བར་ཉིན་གྲངས་བཞིའི་རིང་སྦེང་ལོར་Bangalore དང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། དེ་ཡང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་མིའི་ངལ་སེལ་ཐེབས་རྩའི་ངེས་སྟོན་པ་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྐུ་ཞབས་ཕི་ལིབ་ཀར་རིག་ལགས་ Phillipa Carrick ནང་སྲིད་དྲུང་ཆེ་བཅས་ཀྱིས་སྦེང་ལོར་ནི་ལ་མངྒ་ལ་ Neelamangala ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་འཚམས་གཟིགས་གནང་ཡོད།
ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་ངལ་སེལ་ཐེབས་རྩའི་སྐུ་ཚབ་ལྷན་གསུང་མོལ་དང་འབྲེལ་བོད་མིའི་ངལ་སེལ་ཐེབས་རྩའི་སྐུ་ཚབ་ལ་ལས་འཆར་ཁག་གཅིག་ཕུལ་ཡོད།
ཕྱི་ཟླ་ ༢ ཚེས་ ༤ ཉིན་ནང་སྲིད་བཀའ་བློན་མཆོག་དང་། དྲུང་ཆེ་རྣམ་གཉིས་ནས་ལྷོ་སྤྱི་དང་། སྦེལ་ཀོབ་ས་གནས་འགོ་འཛིན། གདན་ས་ཁག་གི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེན་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་དང་ལྷན་མཉམ་འབྲེལ་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད།
དེ་བཞིན་ནང་སྲིད་བཀའ་བློན་མཆོག་དང་། ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ནང་སྦེལ་ཀོབ་ས་གནས་ཀྱི་སྐུ་ཚབ་འཐུས་མི་ཀེ་ཝེན་ཀ་ཌེཤ་ལགས་(Mr. K. Venkatesh)ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཚོུད་ ༢༤ རིང་གློག་གི་མཐུན་རྐྱེན་བསྐྲུན་རྒྱུའི་ལས་གཞི་ (Nirantara Jyothi Scheme) དབུ་འབྱེད་གནང་འདུག ལས་གཞི་དེ་ནི་ཀར་ན་ཊ་ཀ་མངའ་སྡེའི་ནུས་ཤུགས་ཐོན་སྐྱེད་ལས་ཁུངས་ Energy Department ཀྱིས་རོགས་སྐྱོར་འོགལག་བསྟར་གནང་བ་ཞིག་ཡིན་འདུག
ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ནང་སྦེལ་ཀོབ་ས་གནས་ཀྱི་སྐུ་ཚབ་འཐུས་མི་ཀེ་ཝེན་ཀ་ཌེཤ་ལགས་ཀྱིས་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་དོན།
ང་རང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིར་འོས་ཤོག་བླུག་མཁན་སྦེལ་ཀོབ་ས་ཁུལ་ཡིན། ས་ཁུལ་འདིར་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཆུ་ཚོད་ ༢༤ རིང་གློག་གི་མཐུན་རྐྱེན་བསྐྲུན་རྒྱུའི་ལས་གཞི་འདིའི་འོག་ཕན་ཐོགས་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། མི་ལོ་ལྔ་བཅུ་ལྷག་རིང་བོད་མི་སྐྱབས་བཅོལ་བ་ཚོ་དང་ས་གནས་ཡུལ་མིའི་དབར་འཆམ་མཐུན་ངང་གནས་པ་དེ་ནི་བསྔགས་བརྗོད་ཞུ་ཡུལ་ཞིག་ཆགས་ཡོད་ཅེས་གསུངས།
སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་གསུང་དོན། འདི་ག་མངའ་སྡེའི་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དུས་རྒྱུན་དུ་ནས་གཟིགས་སྐྱོང་གནང་གི་ཡོད་པ་མ་ཟད། ཐེངས་འདིར་ཆུ་ཚོད་ ༢༤ རིང་གློག་གི་མཐུན་རྐྱེན་བསྐྲུན་ཐུབ་པར་མངའ་སྡེ་གཞུང་དང་། མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་གཞི་འདིའི་བརྒྱུད་ས་གནས་སུ་གཏན་སྡོད་བོད་མི་རྣམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་རྒྱུར་བརྟེན་ཀར་ན་ཊ་ཀ་མངའ་སྡེའི་གློག་ཁང་གི་འགན་འཛིན་རྣམས་དང་ Karnataka Electricity Board authorities མི་མང་འཛུགས་སྐྲུན་ལས་གཞི་ཚན་པ་ Engineers of Public Work Department བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ཟླ་བ་གསུམ་ཙམ་ནང་ལས་གཞི་འདི་བཞིན་ཡོངས་རྫོགས་ལེགས་འགྲུབ་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། འདི་ག་ས་གནས་སུ་སློབ་གྲྭ་དང་། དགོན་སྡེ། སྨན་ཁང་སོགས་ཡོད་པར་བརྟེན་ལས་གཞི་འདི་བརྒྱུད་མ་འོངས་པ་ཚང་མར་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་བཞིན་མངའ་སྡེ་འདིའི་ཁོངས་སུ་གཏོགས་པའི་ཧུན་སུར་རབ་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་བཅས་སུའང་ལས་གཞི་འདི་དངོས་སུ་ལག་བསྟར་གྱིས་འགོ་འཛུགས་གནང་བཞིན་ཡོད་པ་ལྟར། ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུའང་གློག་གི་མཐུན་རྐྱེན་ཆ་ཚང་བསྐྲུན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཐེངས་འདིར་ཆུ་ཚོད་ ༢༤ རིང་གློག་གི་མཐུན་རྐྱེན་བསྐྲུན་རྒྱུའི་ལས་གཞི་འདི་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་བརྩིས་པས་ས་གནས་ཁག་མི་འདྲ་བ་ ༡༢༦ ནང་འགྲོ་གྲོན་ཧིན་སྒོར་ཀ་རོར་ Rs. 2,122.6 crore འགྲོ་རྒྱུ་ཡིན་འདུག ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ཡང་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཕྱི་ཚེས་ ༥ ཉིན་སྦེང་ལོར་ནས་ལྡི་ལིར་ཕེབས་ཐོན་གནང་འདུག