༢༠༡༤ ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན།
བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བཀའ་ཤག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་ཚང་མས་སྲོལ་རྒྱུན་ལྟར་ལོ་གསར་སྲུང་བརྩི་ཞུ་གི་ཡོད། དེར་བརྟེན་ཚང་མས་ལོ་གསར་སྐབས་རང་ལུགས་ཀྱི་ན་བཟའ་བཞེས་ནས། སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་དགོས། དེ་བཞིན་མི་རབས་གཞོན་པ་ཚོར་ལོ་གསར་སྐོར་ངོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལོ་གསར་ཚེས་གཅིག་ཉིན་ཨ་རིའི་གྲོང་ཁྱེར་མི་ནི་སོ་ཊའི་ (Minnesota) བོད་རིགས་སྤྱི་མཐུན་ཚོགས་པའི་མཛད་སྒོར་ཆིབས་སྒྱུར་བསྐྱང་གི་ཡོད། དེ་བཞིན་ལོ་གསར་སྐབས་ཕ་མ་སྤུན་ཉེ་ཚང་འཛོམས་སྐབས། ཁྱིམ་ཚང་མི་རེ་ངོ་རེས་སོ་སོའི་ཕ་ཡུལ་དང་ཁ་བྲལ་ནས་བཙན་བྱོལ་དུ་ཡོང་དགོས་དོན། མི་ཐོག་རྒན་པ་ཚོས་ལོ་རྒྱུས་གསུང་དགོས་རྒྱུ་གལ་ཆེན་པོ་འདུག མི་རབས་གཞོན་པ་ཚོས་ཀྱང་རང་ཉིད་ཀྱི་ཕ་མའི་ལོ་རྒྱུས་དང་ཕ་ཡུལ་སྐོར་ཤེས་པ་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། སྤྱི་ཡོངས་བོད་ཀྱི་རྒྱལ་རབས་རྣམས་དེབ་ཐེར་ཁག་ནང་འཁོད་ཡོད། འོན་ཀྱང་ཁྱིམ་ཚང་སོ་སོའི་ལོ་རྒྱུས་དང་ལུང་པའི་གནས་སྟངས་གང་ཡོད་པ་དེ་ཚོ་ཡང་མ་བརྗེད་པ་བྱེད་དགོས། གལ་སྲིད་བོད་ཕྱི་ནང་གཉིས་སུ་ཡོད་པའི་མི་ཐོག་གཞོན་པ་ཚོས་སོ་སོའི་ནང་མི་དང། མི་རིགས་ཀྱི་འབྱུང་ཁུངས་ལོ་རྒྱུས་དེ་ཚོ་བརྗེད་པ་ཡིན་ན། མི་རིགས་ཀྱི་ངོ་བོ་དང་ལ་རྒྱ་ཡང་རིམ་བཞིན་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཡོད། ལོ་གསར་གྱི་སྐབས་དགའ་དགའ་སྤྲོ་སྤྲོ་བྱེད་དགོས་ཀྱི་ཡོད་ཀྱང་ས་གནས་ཀྱི་ཁྲིམས་དང་། དེ་བཞིན་ཕྱིའི་མི་རིགས་ཀྱིས་བོད་མིར་བརྩི་བཀུར་བྱེད་རྒྱུའི་ཡ་རབས་བཟང་སྤྱོད་དེ་དག་སེམས་ལ་ཉར་རྒྱུ་གལ་ཆེན་པོ་ཡིན། ད་ལྟའི་ཆར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་རྣམས་ང་ཚོས་ནམ་ཡང་མ་བརྗེད་པའི་ཐོག་དུས་རྟག་ཏུ་ཐུགས་སྨོན་གནང་དགོས་ཀྱི་ཡོད། འདས་པའི་ལོ་གཉིས་ལྷག་རིང། ངའི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་བརྒྱ་ཆ་ ༩༠ ལྷག་ནང་སྐོར་བསྐྱོད་བྱས་ཟིན་པ་ཡིན། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ས་ཁུལ་མང་ཆེ་བར་དངོས་སུ་འགྲོ་ཐུབ་པ་བྱུང། གཞི་རྩའི་ཆ་ནས་ཚང་མ་ཧ་ཅང་ལྷིང་འཇགས་པོ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་དེ་ལོ་གཉིས་ལྷག་འགྲོ་གི་ཡོད། ད་བར་གཞི་རྩའི་བོད་མི་ཡོངས་ཀྱིས་བཀའ་ཤག་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། ཕྱི་ལོ་ ༢༠༡༤ ནང་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་སྔར་ལྷག་རྒྱས་པ་དང། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་། བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་དེ་ཚོའི་ཐོག་མུ་མཐུད་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཀྲིས་བདེ་ལེགས། ཞེས་འཁོད་འདུག་པ་བཅས། །