༢༠༡༤ ཟླ་ ༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠ བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བཟོ་ཚོགས་ཁག་གི་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྐོང་ཚོགས་གནང་བའི་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ང་རང་སྲིད་སྐྱོང་གི་ལས་གནས་སུ་སླེབས་རྗེས་བལ་ཡུལ་དང་འབྲུག་ཕུད་པའི་གཞིས་ཆགས་ཁག་མང་ཆེ་བའི་ནང་སྐོར་བསྐྱོད་བྱས་ཟིན་པ་ཡིན། དེའི་སྐབས་བཟོ་གྲྭ་ཁག་ནང་ཁྱུག་ཙམ་ཁྱུག་ཙམ་ཕྱིན་ཏེ་གནས་སྟངས་གང་འདྲ་ཡོད་མེད་ལྟ་རྒྱུ་བྱུང། འོན་ཀྱང་ཁག་གཅིག་ཡག་པོ་འདུག་ཀྱང་ཁག་གཅིག་ཞན་པོ་རེད་འདུག དེར་བརྟེན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གོ་བསྡུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་བཟོ་གྲྭའི་ཚོགས་ཁང་བེད་སྤྱོད་གཏོང་སྐབས་ཁང་གླ་ལེན་གྱི་ཡོད་འདུག
བཟོ་གྲྭའི་ཁང་པ་སྤྱི་པས་བེད་སྤྱོད་གཏོང་སྐབས་ཁང་གླ་ལེན་དགོས་པ་ཆགས་སྲིད་ཀྱང་མཆོད་འབུལ་སྐབས་སུ་ཁང་གླ་ལེན་དགོས་ཀྱི་ཨེ་ཡོད་བསམས་ཀྱི་འདུག སྐབས་རེ་བཟོ་གྲྭ་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་ཁང་སྟོང་ཡོད་རུང་མི་མང་ནང་གཞན་ནས་ཁང་པ་གླས་ཏེ་གནས་སྟངས་སྐྱོ་པོའི་ཐོག་སྡོད་མཁན་ཡོང་གི་འདུག ཁོང་ཚོར་གནས་སྟངས་དྲི་སྐབས་ང་ཚོ་བཟོ་གྲྭའི་ཁོངས་སུ་མེད་སྟབས་ཐོབ་ཐང་མེད་པ་རེད། ཅེས་བརྗོད་ཀྱི་འདུག སྤྱིར་བཏང་ཐོབ་ཐང་དང་པོ་འཐུས་མི་ཚོར་གནང་དགོས་ཀྱི་རེད། འོན་ཀྱང་ཁང་སྟོང་ཡོད་ན་མི་མང་སྐྱོ་པོ་ཚོར་སྤྲད་དེ་ཁང་གླ་ཉུང་ཙམ་བླང་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། བཟོ་གྲྭ་དང་པོ་ནས་འཛུགས་དགོས་དམིགས་ནི་མི་དམངས་ལ་ཕན་ཐོགས་ཆེད་རེད། མདོར་ན། བོད་མིའི་སྒྲིག་འཛུགས་དང་། མཉམ་འབྲེལ། བཟོ་གྲྭ་འཛུགས་རྒྱུའི་དགོས་དམིགས་ནི་མི་དམངས་ལ་ཕན་ཐོགས་ཡོང་རྒྱུ་གཙོ་ཆེར་བཞག་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་རྗེས་བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་མའི་ལས་དོན། དང་པོ། ནུས་ཤུགས་ཕྱོགས་སྒྲིལ་དང། གཉིས་པ། ལས་འགུལ། གསུམ་པ། འབྲེལ་མོལ་རེད། ཕྱོགས་མཚུངས་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད། བོད་ནང་གི་བོད་མི་མང་དག་ཅིག་གིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད། དེར་བརྟེན་ཁོང་རྣམ་པའི་མངོན་འདོད་རྒྱལ་སྤྱི་སྤྱི་ཡོངས་ནས་ཤེས་རྟོགས་ཡོང་སླད་རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ལས་འགུལ་མང་པོ་ཞིག་སྤེལ་ཡོད། དེར་དཔག་པའི་གྲོས་ཚོགས་ཁག་ནང་གྲོས་ཆོད་འཇོག་ཐུབ་པ་ཡང་བྱུང་ཡོད། འདི་ལོ་ནི་འབྲེལ་མོལ་གྱི་ལོ་ཡིན། ཞེས་ཅེས་བརྗོད་ཀྱི་ཡོད། དབུ་མའི་ལམ་གཞིར་བཞག་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་ལོ་འདིའི་ནང་ཨ་རི་དང་ཡུ་རོབ། ཨེ་ཤི་ནང་གི་མཁས་དབང་སོགས་དང་ལྷན་རིམ་བཞིན་ཚོགས་འདུ་འཚོགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་ཀྱི་ཡིན། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་སྔར་ལྷག་ཤེས་རྟོགས་ཐུབ་པ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ས་ཐོག་ཏུ་ཕྱིན་ཏེ་དབུ་མའི་ལམ་གྱི་གོ་རྟོགས་ཀྱི་ལས་འགུལ་སྤེལ་གྱི་རེད། བཙན་བྱོལ་མི་སྤྱི་ཙམ་མ་ཟད། བོད་མིའི་གཞིས་ཆགས་ཁག་ནང་ཡོད་པའི་མི་དམངས་ཚོས་རྒྱ་གར་གྱི་ཡུལ་མི་དང་འབྲེལ་བ་ཧ་ཅང་ཡག་པོ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། ས་གནས་ཁག་གཅིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ནམ་རྒྱུན་ནས་ཡུལ་མི་དང་འབྲེལ་བ་ཡག་པོ་ཡོད་ན། དཀའ་ངལ་མང་པོ་ཞིག་སེལ་ཐུབ་རྒྱུ་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་སྲིད་སྐྱོང་མཆོག་གིས་ཤེས་ཡོན་སྐོར་ལ་ཡང་གསུང་བཤད་གནང་ཡོད།