༢༠༡༤ ཟླ་ ༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅༎ཕྱི་ལོ་ ༢༠༡༤ ཟླ ༢ ཚེས་ ༢ ནས་ ༦ བར་ཉིན་གྲངས་ལྔའི་རིང་རྒྱ་གར་བྱང་ཤར་ཨ་སམ་(Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིར་ (Guwahati) རྟེན་གཞི་བྱས་པའི་ (Srimanta Sankaradeva Kalakshetra)སྒྱུ་རྩལ་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་དེ་བཞིན་ཕྱི་ཚེས་དྲུག་ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། མཇུག་སྒྲིལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོས་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ཨ་སམ་མངའ་སྡེའི་བློན་ཆེན་གྱི་བུ་གྷོ་རབ་གྷོ་གོ་ཡེ། རྟ་དབང་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུ། མན་ཆུ་ཁའི་ (Menchuka) མངའ་སྡེ་གྲོས་ཚོགས་འཐུས་མི་པ་སངས་ལགས་སོགས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
བཀུར་འོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཏ་རུན་གྷོ་གོ་ཡེ་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་བ་དང་། མངའ་སྡེ་གཞུང་ནས་གོ་སྒྲིག་མཐུནའགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་བོད་ཀྱི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་གཙོས་མཉམ་ཞུགས་གནང་མཁན་དང་། དང་བླངས་པ་བཅས་ལ་དུས་སྟོན་འདི་ཉིད་ལམ་ལྷོང་ལྡན་པའི་ངང་མཇུག་བསྒྲིལ་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་འཕགས་བོད་གཉིས་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད། རྒྱ་ནག་གིས་བོད་ཐོག་བཙན་འཛུལ་བྱས་པ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་སོགས་གང་ཅིའི་ཐོག་གཏོར་བཤིག་དང་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པར་བརྟེན། དེང་སྐབས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་རབས་དང་རིམ་པ་འཐོན་བཞིན་ཡོད། རྒྱ་དམར་གཞུང་གིས་བོད་འདི་བཞིན་བཙན་རྒོལ་བྱ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་མི་རིགས་ཐོག་དྲག་གནོན་དང་། བོད་ཀྱི་སྐད་ཡིག་སོགས་ལ་དམའ་འབེབས་བྱེད་བཞིན་ཡོད།
བོད་ནང་ཁོར་ཡུག་གཏོར་བཤིག་རྒྱ་ཁྱབ་གཏོང་བཞིན་པ་དང་། ཡར་ཀླུངས་གཙང་པོ་རྒྱ་ནག་མངའ་ཁོངས་སུ་ཁ་བསྒྱུར་བ་སོགས་བོད་ཀྱི་ཆུ་བོ་ཁག་རྒྱུག་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ཁོར་ཡུག་དང་དཔལ་འབྱོར་ཐོག་ཐད་ཀར་བགོད་ཚབས་བཟོ་བཞིན་ཡོད
བོད་དེ་གོ་ལའིི་སྟེང་སྣེ་གསུམ་པར་ངོས་འཛིན་བཞིན་ཡོད་པ་དང་། ལྷོ་བྱང་གཉིས་ཀྱི་གོ་ལའི་འཁྱགས་རོམ་རྗེས་འཛམ་གླིང་ནང་གི་འཁྱགས་རོམ་མང་ཤོས་བོད་མཐོ་སྒང་ཆགས་ཡོད། དེ་བཞིན་བོད་ནི་འཛམ་གླིང་ནང་ཆུ་གཙང་མའི་གཏེར་མཛོད་ཅིག་ཀྱང་ཆགས་ཡོད། བོད་དེ་ནི་འཛམ་གླིང་གི་གནམ་གཤིས་དང་ཆུ་བོའི་འབྱུང་ཁུངས་ཆེད་མེད་དུ་མི་རུང་བ་ཞིག་ཡིན། བོད་ནང་ཤིང་ནགས་གཅོད་བྲེག་དང། ཁོར་ཡུག་གཏོར་བཤིག་བྱས་པར་བརྟེན་རྒྱ་གར་ནང་གི་ཞིང་པ་དང་། ཉ་པ་སྟོང་ཕྲག་མང་པོར་གནོད་སྐྱོན་ཧ་ཅང་ཆེན་པོ་ཕོག་བཞིན་ཡོད།
བོད་ཀྱི་དུས་སྟོན་འདི་བརྒྱུད་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་། ཁོར་ཡུག་གཏོར་སྐྱོན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཅས་ཀྱི་སྐོར་ཁྱབ་སྤེལ་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་བོད་ཀྱི་གནང་ཚུལ་དང་དཔལ་ཡོན་སྐོར་ཤེས་རྟོགས་ཐུབ་པའི་རེ་བ་དང་། བོད་ཀྱི་རིག་གཞུང་དེ་འགྲེམས་སྟོན་ཙམ་མིན་པར་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས། བོད་ཀྱི་དཔལ་ཡོན་དེ་འཛམ་གླིང་ནང་གི་དཔལ་ཡོན་རྙིང་གྲས་ཤིག་ཡིན། དེ་ལྟ་བུའི་གྷོ་ཧ་ཊིར་བོད་ཀྱི་དུས་སྟོན་མཐོང་བའི་ཚབ་ཏུ་བོད་ནང་ཆེ་མཐོང་ལྡན་པའི་མི་རིགས་ཀྱི་གོམས་སྲོལ་དང་རིག་གཞུང་དང་བཅས་པ་མངོན་སུམ་དུ་མཐོང་རྒྱུར་ངེས་པ་རེད། དེ་ལྟ་བུའི་དུས་སྐབས་མ་བྱུང་བར་དུ་ང་ཚོས་མཉམ་དུ་མདུན་སྐྱོད་བྱེད་དགོས་པ་ཡིན། གང་ཡིན་ཟེར་ན་ཁྱེད་ཚོས་བོད་མི་གཅིག་པུར་རྒྱབ་སྐྱོར་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།མཛད་སྒོའི་གོང་དུ་སྲིད་སྐྱོང་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེནམཆོག ཨ་སམ་མངའ་སྡེའི་བློན་ཆེན་གྱི་བུ་གྷོ་རབ་གྷོ་གོ་ཡེ། གུ་རུ་སྤྲུལ་སྐུ་བཅས་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་ཁང་དུ་ཕེབས་ཡོད། འགྲེམས་སྟོན་ནང་རྒྱ་ནག་གིས་བོད་ནང་བཙན་འཛུལ་མ་བྱས་སྔོན་གྱི་འདྲ་པར་དང་། རྒྱ་ནག་གིས་བཙན་འཛུལ་བྱས་པའི་གྲུབ་འབྲས། བོད་ནང་གི་ཛ་དྲག་གནས་སྟངས། བོད་མི་རྣམས་ཀྱི་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་མཚན་བཅས་བོད་ཡིག་དང་། ཧིན་དབྱིན་ཐོག་ཡོད་པ་དེ་དག་འགྲེམས་སྤེལ་ཞུས་ཡོད།