༢༠༡༤ ཟླ་ ༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་རྟ་དབང་དང་། དྷི་རང་། འབུམ་སྡེ་ལ། བསྟན་འཛིན་སྒང་བཅས་སུ་འཚམས་གཟིགས་གྲུབ་མཚམས་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད། དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༨ ཉིན་འབུམ་ལ་དང་། བསྟན་སྒང་། ཀ་ལག་ཐང་བཅས་སུ་བོད་མི་དང་ཡུལ་མི་རྣམས་ཐུག་འཕྲད་དང་གསུང་བཤད་གནང་གྲུབ་རྗེས། གནམ་གཤིས་ཡག་པོ་མེད་རྐྱེན་དེ་ཉིན་ཀྲུ་ཀྲིང་དུ་ཕེབས་ཐུབ་མེད། དེར་བརྟེན་རླངས་འཁོར་བརྒྱུད་བསྟན་འཛིན་སྒང་ནས་བྷ་ལུག་པོངྒ་ Balukpong དུ་ཕེབས། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་བྷ་ལུག་པོངྒ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཀྲུ་ཀྲིང་དུ་ཕེབས་འབྱོར་གནང་། སྐབས་དེར་སྲིད་སྐྱོང་མཆོག་ལ་ཀྲུ་ཀྲིང་ས་གནས་འགོ་འཛིན་དང་། བྱང་ཆུབ་དར་རྒྱས་གླིང་དགོན་པའི་མཁན་པོ། ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་རྒྱལ་སའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་དང་ཉེན་རྟོག་འགོ་དཔོན་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་གཞིས་ཆགས་དེའི་མ་དགོན་མདུན་དུ་བོད་མི་ཚོར་གསུང་བཤད་གནང་དོན།
ང་རང་དེ་རིང་ཀྲུ་ཀྲིང་ཁུལ་དུ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་རང་ཨ་རུ་ནཱ་ཅལ་དང་ལྷག་པར་རྟ་དབང་ཁུལ་དུ་འབྱོར་སྐབས་ཚོར་བ་མ་འདྲ་བ་ཞིག་སྐྱེས་བྱུང་། གང་ཡིན་ཞེ་ན། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ས་གནས་འདི་བརྒྱུད་ནས་ཕེབས་ཡོད་པ་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་མཆོག་གི་འཁྲུངས་ཡུལ་ཡང་ཆགས་ཡོད། ང་རང་ཆུང་དུས་སློབ་གྲྭའི་དུས་སུ་ཀྲུ་ཀྲིང་དང་། མེའོ། ཏི་ཛུ་བཅས་ཀྱི་སྐོར་མང་པོ་གོ་མྱོང་ཡོད་པ་མ་ཟད། སློབ་སྦྱོང་ཧ་ཅང་ཡག་པོ་ཡོད་མཁན་སློབ་གྲོགས་པདྨ་བདེ་ཆེན་ལྟ་བུ་ཡོད། ཁོང་ད་ཆ་ཀྲུ་ཀྲིང་ཁུལ་གྱི་རྒྱ་གར་ལས་ཁུངས་ཀྱི་ཞིང་ལས་ཡར་རྒྱས་ལས་དོན་གྱི་འགན་འཛིན་ Agricultural Development Officer ཆགས་ཡོད། ངས་ཁོ་མོའི་སར་ནས་པདྨ་བཀོད་པའི་སྐད་ཕྲན་བུ་སྦྱངས་མྱོང་ཡོད། ང་རང་ཀ་སྦུག་དང་། རྡོར་གླིང་། ཅོན་ཏ་ར་སློབ་གྲྭ་བཅས་སུ་ལྟ་སྐོར་འགྲོ་སྐབས་ད་ཆ་རྡ་རམ་ས་ལར་སྲིད་སྐྱོང་ཆགས་ནས་ཡོད་པའི་མི་འདིས་པདྨ་བཀོད་པའི་སྐད་ཕྲན་བུ་ཤེས་ཀྱི་ཡོད་སྟབས། ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་བསྒྲུབ་རྒྱུ་དང་། སྲིད་སྐྱོང་གི་གནས་རིམ་ཐོག་བསླེབ་རྒྱུའི་དམིགས་ཡུལ་བཟུང་དགོས། ཞེས་བརྗོད་རྒྱུ་བྱུང་། མེའོ་དང་ཀྲུ་ཀྲིང་ས་གནས་འདི་བཞིན་ལུང་ཁུག་ཆགས་ཡོད་པར་བརྟེན། ཁུལ་འདིར་གནས་སྡོད་བོད་མི་རྣམས་ནས་དཀའ་ངལ་མང་དག་གཅིག་འཕྲད་བཞིན་ཡོད། བཀའ་ཤག་གི་ངོས་ནས་གཞིས་ཆགས་འདིར་ས་གནས་འགོ་འཛིན་གཏོང་སྐབས་ཆེད་མངགས་ས་གནས་འདི་རང་ནས་ཡིན་པའི་ལས་བྱེད་གཏོང་རྒྱུར་འབད་བརྩོན་གང་ཡོད་ཞུ་བཞིན་ཡོད། ང་རང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་གཅིག་ཡིན་སྟབས། བོད་མིའི་གཞིས་ཆགས་ཁག་ལ་བསྐྱོད་དེ་ས་གནས་ཀྱི་གནས་སྟངས་དང་མི་མང་གི་དཀའ་ངལ་ཤེས་རྟོགས་ཡོང་བ་བྱ་རྒྱུ་ངའི་ལས་འགན་རེད། ངས་སྲིད་སྐྱོང་གི་དམ་འབུལ་ཞུས་པ་ནས་བཟུང་ད་བར་བོད་མིའི་གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་ཁག་བརྒྱ་ཆ་ ༩༣།༩༤ ལ་བསྐྱོད་ཟིན། བོད་མིའི་གཞིས་ཆགས་ཁག་གི་དངོས་ཡོད་གནས་སྟངས་རྣམས་གསལ་རྟོགས་བྱུང་ཚེ་བཀའ་ཤག་གིས་གཞིས་ཆགས་ཁག་ཏུ་ལས་དོན་སྤེལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་འདི་བཀའ་ཤག་གི་ལས་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། ང་ཚོས་སློབ་ཕྲུག་རྣམས་མཐོ་སློབ་ཏུ་སློབ་སྦྱོང་མུ་མཐུད་བྱེད་ཐུབ་ཆེད་མཐོ་སློབ་ཀྱི་སློབ་ཡོན་ལས་གཞིའི་ཐོག་བསྒྱུར་བཅོས་བཏང་ཡོད། སློབ་ཕྲུག་དང་ཕ་མ་ཚོས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་མཐོ་སློབ་ཀྱི་སློབ་ཡོན་དེབ་ཆུང་དེ་ངེས་པར་དུ་ཀློག་དགོས། སློབ་ཕྲུག་རྣམས་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པ་མ་ཟད།
ཕ་མ་རྣམས་ནས་ཀྱང་ཕྲུ་གུའི་སློབ་སྦྱོང་ཐོག་ནམ་ཡང་ལྷོད་གཡེང་མ་བཏང་བར་ཤུགས་རྒྱག་དགོས། ཁྱེད་རང་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ལ་ངེས་པར་དུ་དོ་སྣང་གནང་སྟེ་གནས་ཚུལ་རྣམས་ཁ་གསལ་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སྐབས་བཀའ་ཤག་གི་ངོས་ནས་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐབས་སུ་གང་ཐུབ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་འདུག ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་མེཀ་མོ་ཧན་ས་ཚིགས་ McMohan Line ཞེས་པ་བོད་དང་རྒྱ་གར་གྱི་ས་མཚམས་ནས་ཆུ་ཚོད་གཅིག་ཙམ་ཡོད་པའི་གྷི་ལིང་གྲོང་གསེབ་ Gelling village ཏུ་ཕེབས་ཏེ་ཁུལ་དེར་གནས་སྡོད་བོད་མི་ཁ་ཤས་ཡོད་པ་རྣམས་ལ་གསུང་བཤད་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་ཀྲུ་ཀྲིང་ནས་མེའོ་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས།།