༢༠༡༤ ཟླ་ ༢ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱིས་བོད་རིགས་སློབ་མ་རྣམས་ནས་རྒྱ་གར་ནང་སྨན་ཞབས་པའི་ལས་ཀ་བྱེད་ཆོག་རྒྱུའི་ཐག་གཅོད་བྱུང་བར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག དེ་ཡང་ཕྱི་ཚེས་ ༣༡ ཉིན་སྲིད་སྐྱོང་མཆོག་གིས་གསུང་དོན། ངས་རྒྱ་གར་གཞུང་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས། རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་ལས་ཁུངས། དེ་བཞིན་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་བཅས་ཀྱིས་བོད་རིགས་སྨན་ཞབས་པའི་གནས་སྟངས་ལ་གཞིགས་ཏེ་ཁོང་རྣམས་རྒྱ་གར་གྱི་སྨན་ཁང་ནང་དུ་སྨན་ཞབས་པའི་ལས་ཀ་བྱེད་ཆོག་རྒྱུའི་ཐག་གཅོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷག་པར་རྒྱ་གར་གྱི་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ཀེ་ཤབ་ཌེ་སི་རཱ་ཇུ་ Mr Keshav Desiraju ལགས་སུ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གིས་གཙོས་འབྲེལ་ཡོད་དཔོན་རིགས་རྣམས་མཇལ་སྟེ་བོད་པའི་སྨན་ཞབས་པའི་གནས་སྟངས་ཐོག་འཕྲད་བཞིན་པའི་དཀའ་ངལ་སྐོར་འགྲེལ་བརྗོད་ཞུས་པར་ཁོང་རྣམས་ནས་བོད་མིའི་དཀའ་ངལ་ལ་བསམ་ཤེས་གནང་སྟེ་དུས་ཚོད་འོས་འཚམ་ཐོག་རོགས་ཕན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་འབྲེལ་ཡོད་ལས་ཁུངས་གཞན་ཁག་ལ་བོད་པའི་སྨན་ཞབས་པའི་གནས་སྟངས་སྐོར་མཁྱེན་རྟོགས་སླད་གསལ་བཤད་ཞུས་ཟིན། ཞེས་གསུངས་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱིས་བོད་རིགས་སྨན་ཞབས་པ་རྣམས་ལ་རྒྱ་གར་སྨན་ཁང་ཁག་གི་ནང་དེབ་སྐྱེལ་བྱས་ཏེ་ལས་ཀ་བྱེད་ཆོག་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༡༩༤༧ ལོར་གཏན་འབེབས་གནང་བའི་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ཆ་རྐྱེན་འོག་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་སྨན་ཞབས་སློབ་སྦྱོང་ཆེད་འཛུལ་ཞུགས་བྱ་རྒྱུ་དང་། སློབ་མཐར་ཕྱིན་རྗེས་སྨན་ཞབས་ཐོག་ཆེད་ལས་པ་བྱ་རྒྱུའི་གནད་དོན་ལ་ང་ཚོས་དོ་སྣང་བྱེད་བཞིན་ཡོད། རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་གྱི་མི་སེར་ཆགས་མིན་གྱི་གནད་དོན་ཐད་ལྡི་ལིའི་ཁྲིམས་ཁང་གོང་མས་ཁ་མཆུ་ཨང་ W.P. (C) 12179/2009 དགོངས་དོན་བཞིན་རྒྱ་གར་ནང་སྐྱེས་པའི་བོད་རིགས་སྨན་ཞབས་པ་རྣམས་རྒྱ་གར་གྱི་མི་སེར་ཁོངས་སུ་བརྩི་དགོས་པ་ཁ་གསལ་བཟོས་ཟིན། དེར་བརྟེན་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱིས་ཁྲིམས་སྒྲིག་གཞིར་བཟུང་བོད་མི་ཚོའི་སྐྱེས་ཚེས་ལག་འཁྱེར་ལ་ཞིབ་བཤེར་བྱས་རྗེས་དེབ་སྐྱེལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད། ཅེས་འཁོད་འདུག སྔ་ལོ་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱིས་བོད་རིགས་སྨན་ཞབས་པ་རྣམས་རྒྱ་གར་གྱི་སྨན་ཁང་ནང་ལས་ཀ་བྱེད་མི་ཆོག་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། བོད་མིའི་སྒྲིག་འཛུགས་ཀྱིས་གནད་དོན་འདི་སེལ་ཐབས་སུ་འབོད་སྐུལ་བསྟུད་མར་ཞུས་རྗེས་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱིས་ཐེངས་འདིའི་གསལ་བསྒྲགས་འདི་སྤེལ་བ་ཞིག་ཡིན་འདུག