༢༠༡༤ ཟླ་ ༢ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་སྡེ་བཞི་ཕུན་ཚོགས་གླིང་ལ་རབ་གནས་སྩལ་ཏེ་ས་གནས་བོད་རིགས་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་དམིགས་བསལ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གནས་སའི་གྲོང་ཁྱེར་རི་ཆེ་མོན་ཌིའི་ (Richmond) གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ཞུས་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། སྐུ་ཉིད་མཆོག་གིས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་མཛད་ཀྱི་ཡོད། དེ་བཞིན་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ། བོད་ཀྱི་བདེན་དོན། མདོར་ན། སྐུ་ཉིད་མཆོག་གིས་གོ་ལ་ཀུན་ལ་ཁྱབ་པའི་མཛད་ཁུར་གསུམ་བཞེས་པའི་ཐོག་ནས་སྐྱེ་འགྲོ་ཀུན་ལ་ཞི་བདེ་དང་བྱམས་བརྩེ། གྲོས་མོལ་གྱི་ལམ་ནས་རྩོད་རྙོག་འདུམ་འགྲིག་སོགས་ཀྱི་ལམ་སྟོན་མཛད་བཞིན་ཡོད་སྟབས། སྐུ་ཉིད་མཆོག་འཛམ་གླིང་འདིའི་སྟེང་སྐྱེ་བོ་ཀུན་གྱིས་མིག་དཔེ་ཞུ་ཡུལ་ཞིག་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་ཡོད། འདི་ལྟ་བུའི་རླབས་ཆེན་དབུ་ཁྲིད་ཅིག་དེ་རིང་ང་ཚོའི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་པ་ནི་གྲོང་ཁྱེར་འདིའི་ནང་གནས་སྡོད་གཞུང་མང་གཉིས་ནས་དགའ་སྤོབས་ཆེན་པོས་འཚམས་འདྲི་ཞུ་བཞིན་ཡོད།
དེ་རིང་གི་ཉིན་མོ་ནི་ཞི་བདེ་དང་བྱམས་བརྩེ་ལྡན་པའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་ཉིན་མོར་ངོས་འཛིན་གྱིས་སྲུང་བརྩི་ཞུ་རྒྱུ་ཡིན། ཞེས་ཞུས་འདུག དེ་ནས་༸གོང་ས་མཆོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་ཀྱང་ཆེད་བཅར་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དེ་རིང་ཕྱི་ཚེས་ ༢༣ འདི་ཏཱ་ལའི་བླ་མའི་ཉིན་མོར་སྲུང་བརྩི་གནང་བར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་དང་འབྲེལ་མང་ཚོགས་ལ་བཀའ་སློབ་ཕེབས་དོན། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༥ སྟེང་འགྲོ་བཞིན་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་འགོ་སྟོད་ངོས་ལ་ཆ་བཞག་ན་ཕོ་གསར་ཡིན། ལོ་ཉི་ཤུ་རྩ་བཞི་རྩ་ལྔ་ཙམ་རེད། ཁྱེད་རང་ཚོ་སྐབས་དེ་དུས་ཡོད་པའི་མི་ཚོ་སྤོ་དང་རྨོ་ཆགས་ཡོད། ངོས་རང་ཡང་ལོ་ ༧༨ ལ་སོན་ཡོད་ཀྱང་སྐྱོན་རང་མི་འདུག ཁྱེད་རང་ཚོ་མང་པོ་ཞིག་ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་སུ་སྐྱེས་པའི་ཕྲུ་གུ་ཡིན། ཁྱེད་ཚོ་ཡང་དེ་རིང་ཁ་སང་པ་ཕ་ཨ་མ་ཆགས་ཏེ་ང་ཚོ་ད་ཆ་མི་རབས་གཉིས་གསུམ་འགྲོ་བཞིན་ཡོད། མི་སྒེར་པ་ཞིག་གི་མི་ཚེའི་ངོས་ནས་བཤད་ན་མི་རབས་འགྲོ་སྐབས་ཡུན་རིང་པོ་ལྟ་བུ་རེད།
འོན་ཀྱང་མི་རིགས་ཤིག་གི་བདེན་དོན་འཐབ་རྩོད་ཀྱི་སྐད་ཆ་བཤད་ན་མི་རབས་ནས་མི་རབས་བདེན་དོན་འཐབ་རྩོད་བྱེད་དགོས་རྒྱུ་ཞིག་རེད། དེར་བརྟེན་ལོ་ ༥༥ ཞེས་བརྗོད་སྐབས་དེ་འདྲ་ཞིག་རེད། གལ་ཆེ་ཤོས་དེ་ནི་དུས་ཡུན་དེའི་རིང་ལ་གཞི་ལུས་རྒྱ་ཆེའི་མི་མང་གིས་གནས་སྟངས་ག་འདྲ་ཞིག་གི་སྟེང་བསྡད་ཡོད་དམ། དཀའ་ངལ་དཔག་ཏུ་མེད་པའི་འོག་གནས་ཡོད། འོན་ཀྱང་སོ་སོའི་མི་རིགས་ཀྱི་སེམས་ཤུགས་དང་ཆོས་དང་རིག་གཞུང་ལ་དགའ་ཞེན་ཧང་སངས་དགོས་པ་རེད་འདུག དེར་བརྟེན་གཙོ་ཆེན་གཞི་ལུས་རྒྱ་ཆེའི་མི་མང་དེ་དག་ནི་ངོས་ནས་རྒྱུན་དུ་ཤོད་བཞིན་ཡོད་པ་ལྟར་བོད་ཀྱི་དོན་གྱི་བདག་པོ་ཡིན། ང་ཚོ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད་པ་དེ་དག་ནི་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་ཆགས་ཡོད། དེ་གཉིས་ལ་ཁྱད་པ་གང་ཡོད་དམ་བརྗོད་ན། གཞིས་ལུས་རྒྱ་ཆེའི་མི་མང་ལ་རང་དབང་མེད། ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་རང་དབང་ལུང་པའི་ནང་བསླེབས་ཡོད། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་ཁོང་རྣམས་ཀྱིས་བཙན་བྱོལ་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་བདེན་དོན་མ་བརྗེད་པར་གནས་ཡོད་བསམས་པ་ཞིག་དང་། བདེན་དོན་གསལ་རྒྱུར་འབད་བརྩོན་བྱེད་ཀྱི་རེད་བསམས་པའི་ཡིད་ཆེས་དང་རེ་བ་རྒྱག་གི་ཡོད།
དེར་བརྟེན་ང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་མཁན་ཚོས་འཕྲལ་སེལ་གྱི་སོ་སོའི་ཁྱིམ་ཚང་འགོ་ཐོན་ཙམ་ཞིག་ལ་བསམ་བློ་བཏང་ན་འགྲིག་གི་མེད། རང་ཉིད་མ་འཆི་བར་བོད་པ་ཞེས་པའི་མིང་འདི་བརྗེ་ཐབས་མེད། རང་ཉིད་མ་འཆི་བར་དུ་བོད་པའི་ཤ་ཁྲག་རུས་གསུམ་དེ་འཁྱེར་རྒྱུ་རེད་མ་གཏོགས་དེ་འཇོག་ཐབས་མེད། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་རེ་བ་བཅོལ་གྱི་ཡོད་པ་དང་ལས་འགན་ག་འདྲ་ཞིག་ཡོད་པ་ངོ་ཤེས་པ་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བྱེད་རྒྱུ་མ་བརྗེད་པ་བྱོས་ཨང་། རང་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་བོད་མི་ཡིན་པ་མ་བརྗེད་པ་བྱེད་དགོས། ང་ཚོ་བོད་མི་རྣམས་ནང་ཆོས་དང་འབྲེལ་བའི་ཤེས་ཚད་ཐད་འཛམ་གླིང་འདིའི་སྟེང་ངོམས་སུ་ཆོག་པ་ཞིག་རེད། དེ་ལྟ་བུའི་ཤེས་ཚད་དེས་མི་ཚེ་བཟང་པོ་དང་དྲང་པོ་ཞིག་སྐྱེལ་རྒྱུ་དང་། སྙིང་རྗེ་ལྡན་པ་ཞིག་བྱེད་རྒྱུ་ཡོང་གི་ཡོད། བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཐོག་ནས་བརྗོད་ན་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཕལ་ཆེར་རེད། དེ་རིང་ཁ་སང་བོད་ནང་ཕྱི་རྒྱལ་བ་ལྟ་སྐོར་ལ་འགྲོ་མཁན་དང་། དེ་བཞིན་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་ཆེད་དུ་ཡོང་མཁན་བློ་གཟུ་བོར་གནས་མཁན་ཚང་མས། བོད་པ་སེམས་བཟང་པོ་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱེད་ཀྱི་འདུག ད་ཆ་ཡིད་གཟབ་བྱེད་དགོས་རྒྱུ་ཞིག་ལ་བར་སྐབས་བོད་པའི་ནང་དུ་རྫུན་ཤོད་མཁན་ཕྲན་བུ་ཡོང་གི་ཡོད་པ་ཨ་རི་དང་ཡུ་རོབ། དེ་བཞིན་ཁེ་ན་ཌ་བཅས་ནང་ཁྲིམས་མཐུན་མིན་པར་འགྲོ་མཁན་ཕྲན་བུ་ཡོང་གི་འདུག ལོ་གཅིག་ངོས་དང་ཨ་རིའི་གཞུང་ཚབ་པ་ཞིག་ཐུག་སྐབས་ངོས་ནས་བར་སྐབས་བོད་མི་ཕྲན་ བུ་རྫུན་ཤོད་མཁན་དེ་འདྲ་བྱུང་ཡོདའདུག་དགོངས་དག ཅེས་བརྗོད་དགོས་བྱུང་། དེའི་ཐོག་གཟབ་གཟབ་བྱེད་དགོས། བོད་པ་ཅེས་བརྗོད་ན་རྫུན་ཤོད་ཀྱི་མེད་པ་དང་། སེམས་བཟང་པོ་ཡོད་པའི་མཐོང་ཚུལ་དེ་སྡུག་ཏུ་མི་འགྲོ་བ་བྱེད་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད།
དེ་བཞིན་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ཡུན་དེའི་རིང་ལ་བོད་པ་ཞེས་བརྗོད་སྐབས། འཛམ་གླིང་འདིའི་སྟེང་མི་གྲས་ལ་སླེབས་པ་ཆགས་ཡོད་པ་མ་གཏོགས་བོད་པ་ཞེས་བརྗོད་སྐབས། ལས་ཀ་མ་འཇོན་པ་དང་ཐབས་ཤེས་མི་ཐུབ་མཁན། ཕྱོགས་མཚུངས་དུས་རྟག་ཏུ་རྒྱག་རེས་དང་ཆང་རག་འཐུང་མཁན་ཞིག་ལ་སྤྱིར་བཏང་བརྩི་གི་མི་འདུག དེར་བརྟེན་ང་ཚོ་བོད་མི་རིགས་འདི་ནི་རླབས་ཆེན་ཞིག་ཡིན་པའི་རྣམ་པ་གསལ་སྟོན་ཐུབ་པ་བྱུང་ཡོད། དེ་ནི་ང་ཚོའི་སེམས་ལ་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་ཡོད། ང་ཚོས་འཇོན་གྱི་མ་རེད། ཅེས་བརྗོད་ནས་ཞུམ་པའི་བསམ་བློ་གཏོང་རྒྱུ་མེད། སངས་རྒྱས་པའི་ཆོས་ལ་དད་པ་དང་སྨོན་ལམ་ཁོ་ན་བརྒྱབ་སྟེ་སྡོད་རྒྱུ་ཞིག་མིན། སྤྱིར་བཏང་དད་པ་དང་སྨོན་ལམ། དེ་བཞིན་ཁ་ཏོན་བྱེད་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་སློབ་སྦྱོང་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད། འདི་གར་ཁྱེད་རང་ཚོས་སྤྱི་ཁང་ཞིག་གསར་འཛུགས་བྱས་ཡོད་པ་འདིར་ཕྱག་མཆོད་འབུལ་བྱེད་རྒྱུ་ཞོར་དུ་ཡོང་གི་རེད་ཀྱང་སློབ་གཉེར་ཁང་ཡིན་བསམས་པ་བྱོས་ཤིག་ཨང་།
དེང་སྐབས་ངོས་རང་ལ་ཆབ་སྲིད་ཐོག་འབྲེལ་བ་མེད། གང་ལྟར་བོད་པའི་འཐབ་རྩོད་ནི་ཞི་བདེ་དང་བདེན་པའི་འཐབ་རྩོད་ཅིག་ཆགས་ཡོད། ལྷག་པར་བོད་རྒྱ་གཉིས་ལ་ཕན་པའི་དབུ་མའི་ལམ་བརྒྱུད་ནས་རྒྱལ་སྤྱི་སོགས་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་བཞིན་དངོས་ཡོད་གནས་ཚུལ་ལ་བཞག་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ན་དངོས་པོ་ཡར་རྒྱས་དང་ལུང་པ་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ཏན་ཏན་ང་ཚོར་ཁེ་ཕན་ཡོད། ང་ཚོར་ཆོས་དང་རིག་གཞུང་སྐད་ཡིག་ཟུར་གསལ་དུ་ཡོད་པ་རྣམས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆ་ཚང་བ་ཞིག་ལག་བསྟར་བྱས་ཏེ་གཅོད་ཐུབ་པ་བྱུང་ན། དེ་དག་ང་ཚོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཆ་ཚང་བྱེད་ཐུབ་ཀྱི་རེད། རང་རྒྱལ་གཞན་ཕམ་གྱི་སྐད་ཆ་མིན་པར་གཉིས་ཕན་ཡོང་རྒྱུར་ང་ཚོས་ཐབས་ཤེས་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་རིགས་ཆེ་འབྲིང་ཆུང་གསུམ་ཚང་མས་དངོས་ཡོད་གནས་ཚུལ་ཤེས་སྐབས་རྒྱབ་སྐྱོར་བྱེད་ཀྱི་འདུག
གང་ལྟར་མཐར་ཐུག་རྒྱ་ནག་མི་དམངས་ཀྱི་བསམ་ཚུལ་གལ་ཆེ་གི་རེད། ང་ཚོས་རྒྱ་ནག་མི་དམངས་ལ་འབྲེལ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དེང་སྐབས་རྒྱ་ནག་ནང་དུ་ནང་པའི་གྲངས་འབོར་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་ཡོད་སྐོར་བརྗོད་ཀྱི་འདུག རྒྱ་ནག་མི་དམངས་ནང་གི་ཤེས་ཡོན་ཅན་ཚོའི་ཐོག་ནས་ང་ཚོར་རྒྱབ་སྐྱོར་ཧ་ཅང་ཡག་པོ་རེད། རྒྱ་ནག་གཞུང་ནང་མཁྲེགས་བཟུང་བྱེད་མཁན་སྡེ་ཚན་གཅིག་དང་ཡང་བསམ་བློ་གུ་ཡངས་གཏོང་མཁན་གྱི་སྡེ་ཚན་གཅིག་ཡོད་འདུག གང་ལྟར་ང་ཚོའི་ངོས་ནས་ཕྱི་གསལ་ནང་གསལ་བྱེད་ཐུབ་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་ནས་ཕྱི་གསལ་ནང་གསལ་བྱེད་ཐུབ་ཀྱི་མི་འདུག ང་ཚོར་བདེན་པའི་སྟོབས་ཤུགས་ཡོད། རྒྱ་གུང་ཁྲན་སྲིད་བྱུས་མཁྲེགས་པོ་འཛིན་མཁན་དེ་དག་མེ་མདའི་སྟོབས་ཤུགས་རེད། མེ་མདའི་སྟོབས་ཤུགས་འཕྲལ་སེལ་ཤུགས་ཆེན་པོ་རེད་མ་གཏོགས་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་ནུས་པ་ཆེ་གི་རེད་མ་གཏོགས་མེ་མདའི་སྟོབས་ཤུགས་ནུས་པ་ཆེ་གི་མ་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱོས། ཞེས་བཀའ་སློབ་ཟབ་རྒྱས་ཕེབས་འདུག
ཁལ་ལི་ཕོར་ནི་ཡའི་རི་ཆེ་མོན་ཌིའི་གྲོང་ཁྱེར་གྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཉིན་མོ་སྲུང་བརྩི་ཞུས་པ།
གསར་གནས།

འབྲེལ་གནས།
