༢༠༡༤ ཟླ་ ༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཁེལ་ལི་ཕོར་ནི་ཡ་མངའ་སྡེའི་ཚན་རིག་བསྟི་གནས་ཁང་California Science Center དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཇེབ་རུ་ཌོལྤ་ Jeff Rudolph ལགས་དང་ལྕམ་སྐུ་ཨོ་སི་ཆིན་ Mrs Oschinལགས་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་ཨ་རིའི་བརྙན་འཕྲིན་དང་རླུང་འཕྲིན་གྱི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ལེ་རི་ཀིང་མཆོག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཆེད་ཨ་རིའི་གཞུང་གིས་གནོན་ཤུགས་འདང་ངེས་ཤིག་སྤྲོད་བཞིན་ཡོད་དམ་ཞེས་པའི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། འཛམ་གླིང་སྤྱིའི་འགྱུར་འགྲོས་འདི་མང་གཙོ་དང་གུ་ཡངས། ཕྱི་གསལ་ནང་གསལ། རང་དབང་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་ནའང་རྒྱ་ནག་གི་མ་འོངས་མདུན་ལམ་དེ་འཛམ་གླིང་གཞན་ལ་བརྟེན་དགོས་པར་བརྟེན་འཛམ་གླིང་སྤྱིའི་ཁ་ཕྱོགས་དེར་གོམ་པ་སྤོ་ནས་འགྲོ་དགོས་པ་ཆགས་ཡོད། ཅེས་བཀའ་ལན་མཛད། དེ་རྗེས་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་དུ་ཆིབས་༸ཞལ་བསྒྱུར་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་དམ་ཞེས་པའི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་ནང་ཐོག་མར་མའོ་ཙེ་ཏུང་དུས་སྐབས་དང་དེ་རྗེས་ཏིང་ཞའོ་ཕིང་གི་དུས་སྐབས། དེ་ནས་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་སོགས་དུས་སྐབས་བཞིའི་རིང་ང་ཚོས་རྟོག་ཞིབ་བྱེད་སྐབས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་ལེ་རི་ཀོང་མཆོག་གིས་༸གོང་ས་མཆོག་ལ་ཉིན་ཞག་ཕྲུག་གཅིག་གི་མཛད་རིམ་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་ནས་ལས་རིམ་མཇུག་བསྒྲིལ་རྗེས། ༸གོང་ས་མཆོག་སེ་མི་ཡོལ་ཨོ་སི་ཆིན་ Samuel Oschin Pavilion ཞེས་པའི་འགྲེམས་སྟོན་ཚོགས་ཁང་དུ་དེ་སྔའི་ཨ་རིའི་མཁའ་དབྱིངས་འཕུར་གྲུ་ཨེན་ཌི་ཝོར་ Space Shuttle Endeavor ཞེས་པ་འགྲེམས་སྟོན་ཡོད་ས་དེར་ཆིབས་སྒྱུར་བསྐྱངས། སྐབས་དེར་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཆེད་ལོ་སི་ཨེན་ཇི་ལེ་སིའི་ས་ཁུལ་ནས་མི་སྣ་གྲགས་ཅན་འདྲ་མིན་ཁྱོན་མི་གྲངས་བདུན་བརྒྱ་ལྷག་ཙམ་འདུ་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་སྣེ་འཁྲིད་བྱེད་སྟངས་སྐོར་གྱི་དྲི་བ་རྣམས་ལ་བཀའ་ལན་མཛད། དེ་ཡང་ཐོག་མར་སྐུ་ཞབས་ཨེ་རིཀ་བྷེ་ནེ་ལགས་ཀྱིས་དེང་སྐབས་འཛམ་གླིང་ནང་བྱམས་བརྩེ་ཉེ་བར་མཁོ། ཞེས་པའི་གླུ་དབྱངས་འབུལ་ལམ་ཞུས། དེ་ནས་གསར་འགོད་པ་ལྕམ་སྐུ་ཨན་ཀར་རི་ Ann Curry ལགས་ཀྱིས་ཚོགས་བཅར་བའི་ཁྲོད་དྲི་བ་བཏོན་པ་ཁག་གཅིག་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས། སྐབས་དེར་ཨ་རིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཤེ་རོན་སི་ཊོན་ལགས་དང་ཁེལ་ལི་ཕོར་ནི་ཡ་མངའ་སྡེའི་གཙོ་འཛིན་ཟུར་པ་སྐུ་ཞབས་གྷེ་རེ་ཌེ་ཝི་སི་མཆོག་ཀྱང་ཆེད་ཕེབས་གནང་བ་མ་ཟད། ཚོགས་འདུ་མཇུག་སྒྲིལ་གྲུབ་མཚམས་གཙོ་འཛིན་ཟུར་པ་མཆོག་གིས་༸གོང་ས་མཆོག་ལ་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས།།
༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་མཛད་པ།
གསར་གནས།

འབྲེལ་གནས།
