༢༠༡༤ ཟླ་ ༢ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཁག་གཅིག་ནང་མཛད་འཕྲིན་སྐྱོང་ཆེད་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༧ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཕྱི་ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸ཞབས་སོར་འཁོད་རྗེས་ཕྱི་ཚེས་ ༡༩ ཉིན་ (American Enterprise Institute) ཞེས་པའི་ཚོགས་པས་གོ་སྒྲིག་འོག་ལྷན་ཚོགས་ཁག་གཅིག་ཐོག་དབུ་བཞུགས་དང་། ཕྱི་ཚེས་ ༢༠ ཉིན་སེམས་དང་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཐེངས་འདིའི་མཛད་འཆར་སྐོར་ལྷོ་བྱང་ཨ་མི་རི་ཀའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དམིགས་གསལ་ཕྱག་རོགས་ངག་དབང་ཡོན་ཏན་ལགས་ཀྱིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༸ཞབས་སོར་འཁོད་རྗེས་ཕྱི་ཚེས་ ༢༠ ཉིན་ཨ་མི་རི་ཀའི་རྒྱལ་སའི་ཁུལ་གྱི་བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས། དེ་བཞིན་ཆེན་པོ་ཧོར་གྱི་མི་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་རྒྱུའི་ཐུགས་གཏན་འཁེལ་འདུག དེ་བཞིན་རྒྱལ་སའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་འགྲུབ་ཟིན་རྗེས་ཨ་རིའི་ནུབ་ཕྱོགས་མངའ་སྡེའི་ (California) གྲོང་ཁྱེར་ཁ་ལོ་ཕོར་ནི་ཡ་ (Los Angeles) ལོ་སི་ཨན་ཇི་ལི་སི་དང་། (San Francisco) སན་ཕ་རན་སི་སི་ཁོ་སོགས་གྲོང་ཁྱེར་ཆེ་ཁག་ལྔའི་ནང་ཆིབས་སྒྱུར་གྱི་མཛད་འཕྲིན་བསྐྱང་རྗེས་ཨ་རིའི་ནུབ་དབུས་མངའ་སྡེ་མེ་ནི་སོ་ཊའི་ནང་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ཟླ་གསུམ་པའི་ཚེས་ ༢ ཉིན་བོད་ཀྱི་ལོ་གསར་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག དེ་ནས་སླར་ཡང་ཕྱི་ཟླ་ ༣ ཚེས་ ༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་ཆིབས་སྒྱུར་བསྐྱང་སྟེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་བཀའ་བསྡུར་དང་། ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་མི་མང་ལ་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གཏན་འཁེལ་ཡོད་འདུག