༢༠༡༤ ཟླ་ ༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིར་ (Guwahati) ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་གྷོ་ཧ་ཊིའི་ནེ་ཧ་རུའི་ (Nehru) རྩེད་ཐང་དུ་ཨལ་བི་ཨེ་སི་གསར་འཛུགས་གནང་མཁན་གྱི་རྗེས་དྲན་ཚོགས་འདུར་ཆིབས་སྒྱུར་བསྐྱངས་ཏེ་གྷོ་ཧ་ཊི་ཁུལ་གྱི་ཤེས་ལྡན་མི་སྣ་དང་སློབ་གྲྭ་ཁག་གཅིག་གི་སློབ་ཕྲུག མོན་པ། འབྲུག་པ། བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བར་ཞི་བདེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༢ ཉིན་གྱི་ཕྱེད་ཡོལ་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་ (Srimanta Sankaradeva Kalakshetra) སྒྱུ་རྩལ་བསྟི་གནས་ཁང་དུ་བོད་ཀྱི་དུས་སྟོན་དབུ་འབྱེད་དང་། ཕྱི་ཚེས་ ༣ ཉིན་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་ (Srimanta Sankaradeva Kalakshetra) སྒྱུ་རྩལ་བསྟི་གནས་ཁང་དུ་མོན་པ་དང་འབྲུག་པ། བོད་མི། ས་གནས་རྒྱ་གར་གྱི་ཡུལ་མི་བཅས་ཁྱོན་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༠༠༠ བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ། ཕྱི་ཚེས་ ༣ ཉིན་རྒྱ་གར་བྱང་ཤར་མེ་གྷ་ལ་ཡའི་ (Meghalaya) རྒྱལ་ས་ཤི་ལོང་དུ་མར་ཊིན་ལུ་ཐར་ཞེས་པའི་ཡི་ཤུའི་གཙུག་ལག་སློབ་ཁང་ (Martin Luther Christian University) གི་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོའི་ཐོག་དབུ་བཞུགས་མཛད་ཡོད་པ་མ་ཟད། གཙུག་ལག་སློབ་གྲྭས་མགོོན་པོ་གང་ཉིད་མཆོག་ལ་རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་ (Honorary Doctorate of Philosophy) འབུལ་ལམ་ཞུས་ཡོད། ཕྱི་ཚེས་ ༤ ཉིན་༸གོང་ས་མཆོག་གིས་པོ་ལོ་ (Polo Ground) ཐང་ཆེན་དུ་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་གིས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ། ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཤི་ལོང་ས་གནས་ཀྱི་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་བྱང་ཤར་ཁུལ་གྱི་དད་ལྡན་མི་དམངས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་དང་། ཕྱི་ཚེས་ ༥ ཉིན་ཤི་ལོང་དུ་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦ ཉིན་ཤི་ལོང་ནས་གྷོ་ཧ་ཊི་བརྒྱུད་ལྡི་ལི་དང་། དེ་ནས་མཁའ་ལམ་བརྒྱུད་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་བདེ་སྲུང་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཕྱོ་དྲོ་ཆུ་ཚོད་ ༥།༥༠ ཐོག་༸ཞབས་སོར་འཁོད་སྐབས་རྡ་སའི་མི་མང་རྣམས་ཀྱིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །