༢༠༡༤ ཟླ་ ༢ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤི་ལོང་ས་གནས་ཀྱི་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་བྱང་ཤར་ཁུལ་གྱི་དད་ལྡན་མི་དམངས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་སྩལ་དོན།
དེ་རིང་ངོས་རང་འདི་གར་ཆོས་འབྲེལ་བྱེད་ཆེད་ཡོང་བ་དང་ལྷན་ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། བོད་རིགས་གཞོན་སྐྱེས་ཚོས་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱས་པ་དང་ཆབས་ཅིག་ནང་པའི་ཆོས་ལ་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་ནང་ཆོས་ཤེས་པའི་ཐོག་ནས་དད་པ་བྱེད་དགོས། ང་ཚོ་བོད་པའི་ཆོས་པ། ཞེས་བརྗོད་སྐབས། གཏོར་རྒྱག་དང་གཡང་སྒྲུབ་བྱེད་ཀྱི་ཡོད་ཀྱང་གཡང་ཁུག་རྒྱུ་གང་ཡང་མི་འདུག སྤྱིར་བཏང་ཁྱེད་རང་ཚོས་ཉམས་མྱོང་ཐོག་ནས་ཤེས་ཀྱི་རེད། ཚོང་མང་ཙམ་རྒྱག་ཐུབ་ན་གཡང་སྒྲུབ་དངོས་གནས་དེ་རེད། དེ་མིན་འགུལ་སྐྱོད་གང་ཡང་མ་བརྒྱབ་པར་དགེ་འདུན་པ་ཁག་གཅིག་གདན་འདྲེན་ཞུས་ཏེ་ཕྱག་གཡང་ཁུག་ཤོག་ཅེས་པའི་ཡོང་རྒྱུ་གང་ཡང་མེད། ཞབས་བརྟན་དེ་འདྲ་ཡོད་ཀྱང་ཞབས་བརྟན་སྒྲུབ་མཁན་གྱི་མི་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ། དེ་བཞིན་ལྷའི་རྣལ་འབྱོར་བརྟན་པོ་ཡོད་མཁན་ཞིག་གིས་བྱས་ན་དཔེ་ཆའི་ནང་གསུངས་པ་ལྟར། ནུས་པ་ཞིག་འཐོན་གྱི་རེད་མ་གཏོགས་ལྷ་མོ་འཁྲབ་པ་ལྟ་བུ་བྱས་པས་ཕན་ཐོགས་གང་ཡང་མེད། དེར་བརྟེན་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཧ་ཅང་སྤུས་དག་ཅིག་ཡོད་པ་དེར་ང་ཚོས་སློབ་སྦྱོང་དང་དོ་སྣང་མ་བྱས་པར་སོ་སོས་ཅང་ཅང་བཟོ་གི་འདུག སངས་རྒྱས་པའི་ཆོས་ལ་སེར་སྐྱ་དབྱེར་མེད་དང་རྒན་དར་གཞོན་གསུམ་གྱི་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་བདེན་བཞི་དང་བདེན་གཉིས་ཐོག་ལ་གོ་བསྡུར་བྱས་ཏེ་ཤེས་པ་བྱེད་དགོས། འདི་གར་མཆོད་ཁང་ལྟ་བུ་ཆུང་ཆུང་འདུག་པ་དེ་རིམ་བཞིན་སློབ་གཉེར་ཁང་ཡག་པོ་ཞིག་ཡོང་ཐུབ་པ་བྱེད་དགོས། འདི་གར་ཁྱེད་རང་ཚོར་བཀའ་འགྱུར་ཡོད་སྟབས། བསྟན་འགྱུར་ཞིག་ངོས་ཀྱིས་རྗེས་སུ་བསྐུར་ཆོག
དེ་བཞིན་བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་ཐད་ཀར་ངོས་ལ་འབྲེལ་བ་མེད་པ་ལྟ་བུ་རེད། འོན་ཀྱང་ངོས་རང་བོད་པའི་སྤྱི་འབངས་ཤིག་ཆགས་ཡོད། དེར་བརྟེན་སྤྱི་པའི་གནས་སྟངས་བརྩིས་ན། བོད་ཀྱི་དཀའ་ངལ་གཙོ་བོ་རྒྱ་ནག་གཞུང་ལ་ཐུག་གི་ཡོད། རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། ང་ཚོས་འདི་གར་སྐད་བརྒྱབ་སྟེ་སྤོ་འཕེལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ང་ཚོས་འདི་གར་སྐད་བརྒྱབ་ནས་རྒྱ་མི་ཁོང་ཁྲོ་ལང་རྒྱུ་དེ་འདྲ་བྱས་ན། ཁོང་ཁྲོ་ང་ཚོར་ལངས་ཡོད་ཀྱང་ཁོང་ཁྲོ་བསྟན་ས་བོད་ནང་གི་བོད་མིར་སྟོན་གྱི་འདུག བར་སྐབས་གྲྭ་རྒྱུན་ཧ་ཅང་ཉུང་དུ་ཕྱིན་སོང། དེང་སྐབས་བོད་རང་སྐྱོང་ལྗོངས་ནས་མཇལ་ཁར་ཡོང་མཁན་ཧ་ལམ་མི་འདུག མདོ་སྟོད་སྨད་ནས་གང་ཙམ་ཞིག་ཡོང་གི་འདུག གདན་ས་ཁག་ལ་དེ་སྔ་གྲྭ་རྒྱུན་བརྒྱ་ཕྲག་སྟོང་ཕྲག་ཡོང་གི་ཡོད་ཀྱང་བར་སྐབས་ཧ་ཅང་ཉུང་དུ་ཕྱིན་འདུག བོད་ནང་ཧ་ལས་པའི་དམ་བསྒྲགས་བྱེད་ཀྱི་འདུག
དེ་སྔ་བོད་ཆོལ་ཁ་གསུམ་གྱི་བོད་མི་སེར་འབྲས་དགེ་གསུམ་ནང་སློབ་སྦྱོང་བྱས་ནས་སྡོད་ཀྱི་ཡོད། དེང་སྐབས་རང་སྐྱོང་ལྗོངས་ཀྱི་ཁུངས་མ་གཏོགས་མདོ་སྨད་ཁུལ་ནས་ཡོང་བ་རྣམས་བསྡད་ཆོག་གི་མ་རེད། ཅེས་བརྗོད་ཀྱི་འདུག ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད། དེ་སྔ་བོད་བར་ཞི་བའི་གོམ་བགྲོད་བྱེད་ཀྱི་ཡིན། ཞེས་བརྗོད་སྐབས། དེ་དུས་ངོས་ཀྱིས་གཞོན་ནུའི་འགན་ཁུར་མཁན་ཚོ་ཐུག་སྟེ་ཁྱེད་རང་ཚོའི་སྙིང་སྟོབས་ཧ་ལས་པ་རེད་ཀྱང་བོད་བར་ཞི་བའི་གོམ་བགྲོད་བྱས་ནས་འགྲོ་ཐུབ་ཀྱི་མ་རེད། གང་ལ་ཞེ་ན། ས་མཚམས་ལ་སླེབ་སྐབས་རྒྱ་གར་གཞུང་གིས་གཏོང་གི་མ་རེད། བལ་ཡུལ་བརྒྱུད་ནས་ཕྱིན་ན་བལ་པོས་གཏོང་གི་མ་རེད། ཅི་སྟེ་ངེས་མེད་ཁྱེད་རང་ཚོས་མངོན་ལྐོག་གཉིས་ནས་བོད་ནང་འཛུལ་ཐུབ་པའི་དབང་དུ་བཏང་རུང་། བོད་ནང་གི་སེམས་ཤུགས་ཡོད་མཁན་གྱི་མི་དེ་དག་དོན་ཡོང་གི་རེད། སྐབས་དེར་སྡུག་ན་ཁ་ཐུག་མེ་མདའ་བརྒྱབ་ནས་གསོད་ཉེན་ཡོད། དེ་ལྟར་མ་བྱས་ཀྱང་བཙོན་འཇུག་བྱས་ཏེ་སེམས་ཤུགས་ཡོད་མཁན་རྣམས་མེད་པ་ཆགས་ཀྱི་རེད། དཀྲོག་རྐྱེན་མ་སློངས། ཞེས་བརྗོད་པ་ཡིན། འོན་ཀྱང་མུ་མཐུད་ཕྱིན་པར་སོང་རྒྱ་གར་གཞུང་གིས་བཀག་པ་རེད། བོད་ནང་གི་བོད་མིས་རྒྱ་གར་ནས་ཞི་བའི་གོམ་བགྲོད་ཡོང་གི་ཡོད་པ་རེད།
དེར་བརྟེན་ང་ཚོས་ཀྱང་ལས་དོན་སྤེལ་དགོས་རེད། ཅེས་བརྗོད་རྐྱེན་མི་གང་ཙམ་ཞིག་བཙོན་ཁང་ནང་ཚུད་འདུག གང་ལྟར་བོད་ཀྱི་གནད་དོན་རྒྱ་ནག་གཞུང་ལ་ཐུག་ཡོད་སྟབས། ང་ཚོས་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བྱེད་དགོས་པ་རེད་མ་གཏོགས་འཕྲལ་སེལ་ཁོང་ཁྲོ་ལང་སྐབས་ཀྱི་ལས་ཀ་བྱས་ན་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། མདོ་དོན་ང་ཚོས་རྒྱ་མི་ཁོང་ཁྲོ་ལང་རྒྱུར་ཤུགས་བརྒྱབ་ནས་ཕྱིན་ན་གྱོང་གུན་བོད་ནང་གི་བོད་མིར་རག་གི་རེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་པ་དེ་ང་ཚོས་དགྲ་བཟོས་ན་ཡག་པོ་མེད། རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་དེ་གཉེན་དུ་བསྒྱུར་ཐུབ་ན་ང་ཚོར་ཕན་ཐོགས་ཡོད། གང་ལྟར་རྒྱ་མི་དུང་ཕྱུར་བཅུ་གསུམ་ཙམ་ཡོད་པ་རྣམས་གཉེན་དུ་བསྒྱུར་རྒྱུར་ང་ཚོས་ཐབས་ལམ་ཞིག་འདུག གང་ལ་ཞེ་ན། དེང་སྐབས་རྒྱ་ནག་ནང་དུ་ནང་པའི་ཆོས་བྱེད་མཁན་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡོད་སྐོར་བརྗོད་ཀྱི་འདུག དུང་ཕྱུར་བཅུ་གསུམ་ནང་ནས་དུང་ཕྱུར་བཞི་ལྔ་ཙམ་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། དཔེར་ན། རྡ་སར་ཧ་ལམ་བདུན་ཕྲག་རེ་རེའི་ནང་རྒྱ་ནག་ནས་ཡོང་བའི་མི་བཅུ་བཅོ་ལྔ་དེ་འདྲ་ཐུག་གི་ཡོད། ཁོང་ཚོ་ཐུག་སྐབས་མང་ཆེ་བས་མིག་ཆུ་བཏང་སྟེ་རྒྱ་ནག་ནང་ཡོད་པའི་ནང་པ་ཚོ་མ་བརྗེད་པ་བྱེད་རོགས། ཞེས་བརྗོད་ཀྱི་འདུག ང་ཚོ་གཉེན་དུ་བསྒྱུར་རྒྱུའི་ཆ་རྐྱེན་གཅིག་དེའི་ཐོག་ཡོད།
དེང་སྐབས་བོད་ནང་བླ་མ་དང་དགེ་བཤེས་ཡག་པ་དེ་དག་གིས་རྒྱ་ནག་ནང་ཕྱིན་ཏེ་ནང་ཆོས་འགྲེལ་བཤད་རྒྱག་གི་ཡོད། སྔར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོད་སྐབས་དང་མན་ཇུའི་སྐབས་འབྲེལ་བ་བྱུང་ཡོད། འོན་ཀྱང་རྒྱ་ནག་ནང་གི་ནང་པ་ཚོས་མཚན་ཉིད་བལྟས། ཞེས་པ་ཧ་ལམ་བྱུང་མྱོང་མེད། དེ་རིང་ས་ཁང་རྒྱ་ནག་ནང་གི་ནང་པའི་དགེ་འདུན་པ་དེ་དག་གིས་མཚན་ཉིད་སློབ་སྦྱོང་བྱེད་ཀྱི་འདུག སྔ་མོ་ཐེ་ཝན་ལ་ཆོས་ཚོགས་ཤིག་ཡོད། ཁོང་ཚོའི་ཁོངས་རྒྱ་ནག་ནས་ཡོང་བའི་རབ་བྱུང་ཕོ་མོ་རྣམས་ཀྱིས་རྟགས་གསལ་སྦྱང་སྟེ་ཧ་ཅང་དོ་སྣང་བྱེད་ཀྱི་འདུག དེ་དག་ང་ཚོའི་མཐུན་པའི་ཆ་རྐྱེན་གཙོ་བོ་ཞིག་རེད། དེ་བཞིན་འཛམ་གླིང་སྤྱི་ཡོངས་ནང་ནས་བོད་པར་མཐོང་ཚུལ་ཧ་ཅང་ཡག་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །