༢༠༡༤ ཟླ་ ༢ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་(Srimanta Sankaradeva Kalakshetra)སྒྱུ་རྩལ་བསྟི་གནས་ཁང་དུ་འཚོགས་རྒྱུའི་བོད་ཀྱི་དུས་སྟོན་དེ་བཞིན་གོང་ཚེས་ཉིན་དབུ་འབྱེད་མཛད་འདུག
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཏ་རུན་གྷོ་གོ་ཡེ་(Chief Minister Tarun Gogoi) མཆོག་གིས་གཙོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་སོགས་ལྷན་འཛོམས་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྣང་གསལ་ཞལ་ཕྱེ་མཛད་གྲུབ་བསྟུན། རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེས་དབུས་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་ཞལ་འདོན་གསུང་འདོན་གནང་།
དེ་ནས་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག ༸གོང་ས་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་རྣམས་ལ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སོགས་དངོས་སུ་ཉམས་མྱོང་གསོག་རྒྱུའི་གོ་སྐབས་སྩལ་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཨ་སམ་མངའ་སྡེའི་བློན་ཆེན་མཆོག་གིས་༸གོང་ས་མཆོག་ཨ་སམ་མངའ་སྡེའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་མངའ་སྡེའི་གཞུང་མང་གཉིས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་ཡོད་སྐོར་སྙན་སྒྲོན་ཞུས་པ་དང་སྦྲགས། དེང་སྐབས་འཁྲུག་འཛིང་ཆེ་བའི་འཛམ་གླིང་གི་སྤྱི་ཚོགས་གནས་སྟངས་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་ནས་བྱམས་བརྩེ་དང་འཁོན་འཛིན་སེལ་བའི་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུ་གལ་ཆེ་ཡིན་སྐོར་གྱི་བཀའ་སློབ་ཞུ་རྒྱུའི་གོ་སྐབས་བྱུང་བར་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་བོད་ཀྱི་དུས་སྟོན་དབུ་འབྱེད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་མ་སྐུལ་དང་བླངས་ཐོག་ནས་དུས་སྟོན་གོ་སྒྲིག་ཞུས་ཐུབ་པ་འདིར་འཚམས་འདྲི་ཡོད།
ས་གཞི་དཔྱད་རིག་པ་ཚོར་རྙེད་དོན་ལྟར་ན་ང་ཚོའི་ཕ་མེས་ཡང་མེས་ཚོ་རྡོའི་དུས་རབས་སྐབས་ནས་བོད་ནང་གཞིས་ཆགས་ཟིན་པ་དང་། དེ་ཡང་བོད་བྱང་ཤར་ས་ཁུལ་ཁག་ནས་ལག་སོན་བྱུང་བའི་གནའ་རྫས་ཁག་ལ་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་སྐབས། ལོ་ངོ་ཁྲི་གསུམ་འགྲོ་གི་ཡོད་པ་དང་། བོད་དབུས་ཕྱོགས་ནས་དངོས་ཤུལ་རྣམས་ལ་བརྟག་དཔྱད་བྱེད་སྐབས་ལོ་ངོ་ཁྲི་གཅིག་འགྲོ་བཞིན་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་གཞན་ཁག་ནས་ལག་སོན་བྱུང་བའི་གནའ་བོའི་དངོས་རྫས་རྣམས་ལ་བརྟག་དཔྱད་བྱེད་སྐབས་ལོ་ངོ་སྟོང་ཕྲག་བདུན་འགྲོ་གི་ཡོད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན་བོད་རིགས་ནི་གདོད་མའི་མི་རིགས་ཤིག་ཡིན་པར་ཐེ་ཚོམ་མེད། དེ་ཡང་དུས་རབས་བདུན་པ་བརྒྱད་པའི་སྐབས་བོད་ཀྱི་བཙན་པོ་རྣམས་སོག་པོ་དང་རྒྱ་ནག་ལྟར་མངའ་ཐང་ཕུན་གསུམ་ཚོགས་པོ་བྱུང་ཡོད། བོད་དུ་ནང་ཆོས་མ་དར་གོང་བོད་མི་ཚོ་སོག་པོ་བཞིན་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་ཚོར་ངོམ་རྒྱུ་གཙོ་བོ་རྟ་དང་དཔའ་དམ་རེད།
འོན་ཀྱང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་དར་འཕེལ་མཛད་པ་ནས་བཟུང་བོད་མི་རྣམས་ཀྱི་ཀུན་སྤྱོད་ལ་འགྱུར་བ་ཕྱིན་ཡོད།
དེ་ཡང་དཔལ་ན་ལེནྡྲའི་མཁས་པའི་ཁྱུ་མཆོག་སློབ་དཔོན་ཆེན་པོ་མཁན་ཆེན་ཞི་བ་འཚོས་བོད་དུ་ནང་ཆོས་དར་སྤེལ་མཛད་པའི་གཞུང་དེ་དག་ནི་ཧ་ཅང་ཟབ་རྒྱས་ཡིན་པར་བརྟེན། དེའི་དགོངས་དོན་མཐིལ་ཕྱིན་པ་རྟོགས་རྒྱུར་འབད་བརྩོན་ཧ་ཅང་གནང་དགོས། བོད་དུ་ནང་ཆོས་དར་བ་ནས་བཟུང་བོད་མི་རྣམས་ཀྱི་ཀུན་སྤྱོད་ཞི་དུལ་བག་ཡོད་དང་། འཚེ་བ་མེད་པ། བྱམས་སྙིང་རྗེ་ལྡན་པ་ཞིག་ཏུ་འགྱུར་ཏེ། བོད་མི་རྣམས་ཀྱིས་གཙོ་བོ་ནང་བསམ་བློའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། གཞན་གྱི་ཚེ་སྲོག་ལ་རིན་ཐང་རྩིས་ཏེ་རི་དྭགས་རྔོན་རྒྱག་རྒྱུས་མཚོན་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་བཞིན་ཡོད།
གོང་དུ་མངའ་སྡེའི་བློན་ཆེན་མཆོག་གིས་བོད་ཀྱི་འབྱུང་རྩིས་ལ་བརྩི་མཐོང་ཞུ་བཞིན་ཡོད་སྐོར་གསུངས་སོང་། འོན་ཀྱང་ངོས་ཀྱིས་རྩིས་ལ་དེ་ཙམ་ཆ་འཇོག་བྱེད་ཀྱི་མེད། ང་ཚོའི་མི་ཚེ་ནང་དུས་ཚོད་གལ་ཆེ་ཤོས་གཉིས་ནི་སྐྱེ་འཆིའི་གནས་སྐབས་ཡིན། ང་ཚོ་ནམ་སྐྱེ་ནམ་འཆིར་རྩིས་སྐོར་ནས་འགྲོ་གི་མེད། ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ངན་པ་དགུ་འཛོམས་ཉིན་འཁྲུངས་པ་རེད། ཁོང་གིས་དེའི་སྐོར་བཀའ་གནང་སྐབས་ཞལ་ཤོབ་མཛད་ཀྱི་རེད། འོན་ཀྱང་དུས་འཁོར་ནས་གསུངས་པའི་སྐར་རྩིས་དང་། རྒྱ་ནག་ནས་དར་བའི་ནག་རྩིས། དེ་བཞིན་བོད་རང་གི་སྲོལ་རྒྱུན་ནས་དར་བའི་རྩིས་སོགས་སྡེབ་ནས་རྩིས་སྐོར་རྒྱུའི་ལམ་སྲོལ་དེར་བོད་པའི་སྤྱི་ཚོགས་ནང་རིན་ཐང་ཆེན་པོ་རྩི་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད།
དེ་རྗེས་ཨ་སམ་དང་ཨ་རུ་ན་ཅལ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་སོགས་ནས་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པར་ཚོགས་བཅར་བ་རྣམས་ཀྱི་དགའ་བསུ་ཚད་མེད་ཞུས་ཡོད། མཐར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཨ་སམ་མངའ་གཞུང་ནས་དུས་སྟོན་གོ་སྒྲིག་ཆེད་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད། ཕྱི་ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་རྗེས་ཤེས་ལོངས་སུ་ཆིབས་ཞལ་སྒྱུར་རྒྱུ་ཡིན་འདུག་པ་བཅས།།