༢༠༡༤ ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ ཉིན་གྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ཐེངས་གསུམ་པའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གཙོས་ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་། ཚོགས་མི་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས་བཅས་ལྷན་འཛོམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་ཆུང་ཁང་ནང་སྐོང་ཚོགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡༨ ཉིན་དཔལ་འབྱོར་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༤།༢༠༡༥ ལོའི་སྔོན་རྩིས་རྩིས་ཤོག་ཡིག་སྣོད་གྲངས་ ༢༦ ཚོགས་གཙོ་རྣམ་གཉིས་ནས་བསྐོ་གཞག་གནང་བའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་ཕུལ་ཡོད་པ་དེ་དག་ཚང་མར་ཞིབ་འཇུག་བྱས་ནས་གྲོས་ཚོགས་ཚོགས་དུས་བདུན་པ་མ་འཚོགས་གོང་ཚོགས་དྲུང་ལས་ཁུངས་སུ་སྙན་ཐོ་འབུལ་རྒྱུ་ཡིན་འདུག་པ་བཅས།