༢༠༡༤ ཟླ་ ༢ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཡུ་རོབ་ཕ་རན་སིའི་རྒྱལ་ཁབ་ཀྱི་བྱང་ཕྱོགས་ (Picardy) ཕི་ཁར་ཌེ་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་བོད་མིའི་ཐོབ་ཐང་དང་རང་དབང། དྲང་བདེན་བཅས་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་སྟོད་ལུང་བདེ་ཆེན་གྲོང་ཚོར་རོགས་སྐྱོར་དང་ལྟ་རྟོག་གི་བདག་སྐྱོང་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་བྱུང་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ དང་ ༢༢ ཕི་ཁར་ཌེ་ས་ཁུལ་གྱི་(Vers sur Selle) ཝེར་ས་སུར་སི་ལིའི་ས་གནས་གྲོང་ཚོའི་ཚོགས་ཁང་ནང་ཚོགས་པའི་མཛད་སྒོའི་ཐོག་ཁུལ་དེའི་གྲོང་སྡེའི་སྤྱི་ཁྱབ་པ་ (Thierry Demoury) ཐཱ་རིའི་ཌེ་མོར་ལགས་ཀྱིས་གཙོས་ཕ་རན་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་ལྷན་འཛོམས་ཐོག་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་གསུང་དོན། ཐེངས་འདིར་གྲོས་ཆོད་བྱུང་བ་དེ་བཞིན་ཁུལ་དེའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང། དྲང་བདེན་བཅས་ལ་རྒྱབ་སྐྱོར་མཚོན་ཆེད་སྤྱི་མོས་ཀྱི་གྲོས་ཆོད་ཅིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག ཕྱོགས་མཚུངས་དྲུང་ཆེ་ཚེ་རིང་དོན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག
དེ་བཞིན་ཚོགས་བཅར་བ་རྣམས་ལ་གློག་བརྙན་བཟོ་སྐྲུན་པ་(Bernard Debord) སྐུ་ཞབས་བྷིར་ནར་ཌེར་བི་ལགས་ཀྱིས་ཕ་རན་སིའི་སྐད་ཐོག་བཟོས་པའི་བོད་དོན་དངོས་བྱུང་གི་གློག་བརྙན། བོད་ཐོག་རྒྱ་ནག་གཞུང་ནས་རྫུན་གཏམ་ཞེས་པ་དང་། ཕ་རན་སིའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་སྐུ་ཞབས་སིར་ལི་པ་ཡན (Cyril Payen) ལགས་ཀྱིས་བོད་ནང་ཆེད་བསྐྱོད་ཐོག་བཟོ་སྒྲིག་གནང་བའི་བོད་ནང་ཉིན་ཞག་བདུན་ཞེས་པའི་གསར་འགྱུར་བརྙན་འཕྲིན་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ནས་བཟོ་སྒྲིག་གནང་བའི་བོད་མིའི་རང་ལུས་མེར་སྲེག་སྐོར་གནས་ཚུལ་དང་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་དངོས་བྱུང་གློག་བརྙན་རིམ་བཞིན་བསྟན་འདུག
ཐེངས་འདིའི་ཕ་རན་སིའི་རྒྱལ་ཁབ་ཀྱི་གྲོང་སྡེ་ཕི་ཁར་ཌེ་ནས་བོད་ཀྱི་སྟོད་ལུང་བདེ་ཆེན་གྲོང་ཚོར་བདག་སྐྱོང་གནང་བ་ནི་ཐེངས་ ༦༣ པ་དེ་ཆགས་ཀྱི་ཡོད། དེ་བཞིན་གྲོས་ཆོད་ནང་དམིགས་བསལ་ཝེར་ས་སུར་སི་ལིའི་གྲོང་སྡེའི་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་བརྟན་དུ་སྒྲེང་འཛུགས་བྱེད་རྒྱུ་ཡིན་སྐོར་འཁོད་འདུག
བོད་མིའི་དྲང་བདེན་ལ་རྒྱབ་སྐྱོར་མཚོན་སླད་རོགས་སྐྱོར་གྱི་ལྟ་རྟོག་གནང་རྒྱུའི་གྲོས་ཆོད་བྱུང་བ།
གསར་གནས།
འབྲེལ་གནས།