༢༠༡༤ ཟླ་ ༢ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་གོ་སྒྲིག་འོག བོད་ནས་གསར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གནང་བཞིན་ཡོད་པའི་སློབ་མ་རང་ལོ་ ༡༧ ནས་ ༢༥ བར་གྱི་བུད་མེད་ཁྱོན་མི་གྲངས་ ༣༢ ལ་གཞི་རིམ་འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་ཟབ་ཁྲིད་པའི་ཁོངས་སུ་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་འབྲེལ་མཐུད་པ་ལྔ་དང་། དང་བླངས་པ་སེམས་ཁམས་འཕྲོད་བསྟེན་གྱི་སྨན་ཞབས་པ། སྨན་རྩིས་ཁང་གི་སྨན་པ་བཅས་ཡིན་འདུག
ཟབ་སྦྱོང་དེའི་ཐོག་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་དཔེར་ན། འཁྲིག་སྤྱོད་སོགས་ཕོ་མོ་ཕན་ཚུན་ལུས་འབྲེལ་བྱེད་སྐབས་འགོ་རྒྱུའི་ནད་གཞི་དང་། སྐྲན་ནད། ཟས་བཅུད་བསྟེན་ཕྱོགས། སྤྱིར་བཏང་འཕྲོད་བསྟེན། སེམས་ཁམས་འཕྲོད་བསྟེན་བཅས་ཀྱི་ཐོག་གོ་རྟོགས་སྤེལ་ཡོད། དེ་བཞིན་གློ་ནད་ཀྲི་བི་དང་། གཉན་ནད་རེག་དུག HIV AIDS མཆིན་པའི་གཉན་ཚད་Hepatitis-B ནད་གཞིའི་སྐོར་ཡང་གསུང་བཤད་གནང་ཡོད། ཕྱོགས་མཚུངས་ཟབ་སྦྱོང་སྐབས་བོད་ཀྱི་གསོ་བ་རིག་པའི་ལམ་ལུགས་ལྟར་བུད་མེད་ཀྱི་འཕྲོད་བསྟེན་ཕྱོགས་སྐོར་གསུང་བཤད་གནང་ཡོད།
ཟབ་སྦྱོང་ཉིན་མཐའ་མར་ཤེས་རབ་དགའ་ཚལ་སློབ་གླིང་ནས་རེ་འདུན་ཞུས་པ་བཞིན་ཆུ་ཚོད་ཕྱེད་ཀའི་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་བུ་ ༤༠ ཙམ་ལ་འཁྲིག་སྤྱོད་བརྒྱུད་འགོ་བའི་ནད་གཞི་སྤྱི་དང་། ལྷག་པར་གཉན་ནད་རེག་དུག་སྐོར་གོ་རྟོགས་སྤེལ་ཡོད། ཟབ་སྦྱོང་ཐེངས་གཉིས་པ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་བོད་ནས་གསར་དུ་འབྱོར་བུད་མེད་ ༣༠ ལ་གནང་གཏན་འཁེལ་ཡོད།།