༢༠༡༤ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་༼མི་ཚེའི་མྱོང་ཚོར་༽སྐོར་གྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་འཇམ་དབྱངས་བཟོད་པ་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བའི་དབུས་སུ་སྲིད་སྐྱོང་མཆོག་གིས་དཔེ་དེབ་དབུ་འབྱེད་དང་སྦྲགས། གསུང་བཤད་གནང་དོན།
ཕྱག་རོགས་བདེ་སྲུང་བཀའ་བློན་མཆོག་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས། ཚོགས་གཞོན་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གཙོས་འཐུས་མི་རྣམ་པ། དེ་རིང་འདིར་དམིགས་བསལ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་དབུ་འབྱེད་གྱི་མཛད་སྒོར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་བཀའ་ཤག་གི་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་ཁོང་རྣམ་པ་ཚོ་ཚང་མས་སྟག་སྣ་འཇིགས་མེད་བཟང་པོ་ལགས་སྐྱེ་བོ་གལ་ཆེན་ཞིག་ཡིན་པའི་སྐོར་གསུངས་སོང་། ང་རང་ཡིན་ནའང་ལྡི་ལི་མཐོ་སློབ་ཏུ་ཡོད་སྐབས་ཁོང་གྲྭ་བཞི་བཙོན་ཁང་ནང་ཡོད་སྐོར་གྱི་ལོ་རྒྱུས་ཐོས་མྱོང་ཡོད། ཕྱི་ལོ་ ༡༩༩༢ ལོར་སུད་སི་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་གྲྭ་བཞི་བཙོན་ཁང་ནང་ལྟ་སྐོར་ལ་ཕེབས་སྐབས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་བོད་རང་བཙན་གྱི་སྐད་འབོད་གནང་ཡོད། དེ་རྗེས་སྐུ་ཞབས་ཇོན་ཀེན་ལགས་ཀྱིས་སྟག་སྣ་འཇིགས་མེད་བཟང་པོ་ལགས་བཙོན་ཁང་ནས་གློད་བཀྲོལ་གཏོང་རྒྱུར་ཧ་ཅང་སྐུ་ལས་བསྐྱོན་ཡོད། དེ་རྗེས་ཐེངས་དང་པོར་སྟག་སྣ་འཇིགས་མེད་བཟང་པོར་བཙོན་ཁང་ནང་ལན་སྤྲད་དོན་ལ་གལ་ཏེ་ཁྱེད་རང་ཨ་རིར་ཕེབས་ན་ཕེབས་ཆོག་གི་རེད། འོན་ཀྱང་བོད་ལ་ཕྱིར་ལོག་མི་བྱེད་རྒྱུའི་ཁས་ལེན་བྱེད་དགོས་རེད། ཅེས་ཆ་རྐྱེན་བཏོན་ཡོད། སྐབས་དེར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་བསམ་བློ་བཏང་གི་ཡིན། ཞེས་གསུངས་ཡོད་ཀྱང་། བོད་ལ་ཕྱིར་ལོག་བྱེད་རྒྱུ་མེད་ན་ཨ་རིར་འགྲོ་གི་མིན། ཞེས་གསུངས་འདུག དེ་ནས་ཁོང་གིས་གང་གསུངས་པ་དེ་དག་ཡིག་ཐོག་ནས་དགོས་ལུགས་བརྗོད་པ་ལྟར། སོ་སོའི་ཕ་ཡུལ་བོད་ལ་ཕྱིར་ལོག་བྱེད་རྒྱུ་མེད་ན། ང་ཨ་རིར་འགྲོ་གི་མིན། ཞེས་ཡིག་ཐོག་ལ་ཕུལ་ཡོད། དེ་རྗེས་ཇོན་ཀེན་གྱིས་ཁྱེད་རང་སྐུ་གཟུགས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཨ་རིར་ཕེབས་ན་འགྲིག་གི་རེད།
ཐེངས་འདིར་ཆ་རྐྱེན་གང་ཡང་མེད། ཅེས་གསུངས་སྐབས་གཞི་ནས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་སྐུ་གཟུགས་ལ་བརྟག་དཔྱད་ཆེད་ཨ་རིར་ཕེབས་ཐུབ་པ་བྱུང་ཡོད། ལོ་ངོ་ ༤༡ བཙོན་ཁང་ནང་སྡོད་དགོས་བྱུང་བའི་མི་ཞིག་ཕྱིར་འགྲོ་རྒྱུའི་གོ་སྐབས་རག་ཀྱང་མིན་གསུངས་སྐབས་རྒྱལ་ཁབ་ལ་རྒྱལ་ཞེན་དང་། མི་རིགས་ཀྱི་ལ་རྒྱ། སྙིང་སྟོབས་གང་འདྲ་ཡོད་མེད་ཧ་ཅང་གསལ་པོ་རེད། ང་རང་སྟག་སྣ་འཇིགས་མེད་བཟང་པོ་ལགས་དེ་སྔ་ཐེངས་ཁ་ཤས་མཇལ་མྱོང་ཡོད། ངས་དུས་རྟག་ཏུ་གང་དྲན་གྱི་འདུག་ཅེ་ན། ངའི་ལོ་ཚད་ཆ་ཚང་ཁོང་བཙོན་ཁང་ནང་བཞུགས་པའི་སྐྱེ་བོ་ཞིག་ཆགས་ཡོད་སྟབས། ཁོང་གིས་བོད་སྤྱི་པའི་རྩ་དོན་ཆེད་སྒེར་དོན་བློས་གཏོང་གནང་སྟེ་ལྷག་བསམ་རྣམ་དག་ཐོག་སྐུ་ལས་བསྐྱོན་ཡོད།
གཞི་རྩའི་ང་ཚོ་བོད་ཀྱི་ལོ་རྒྱུས་ནང་དཔའ་བོ་དཔའ་མོ་ཧ་ཅང་མང་པོ་བྱུང་ཡོད། ད་ལྟ་ཡིན་ནའང་བོད་ནང་ཆབ་སྲིད་བཙོན་ཟུར་དང་བཙོན་པ་ཡོད་མུས་ཡིན། འོན་ཀྱང་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་ལ་གཟིགས་ན་ཁོང་ནི་མིག་དཔེ་འོས་པ་ཞིག་ཆགས་ཡོད། ལྷག་པར་བོད་ཕྱི་ནང་གཉིས་སུ་ཡོད་པའི་ན་གཞོན་ཚོས་ཁོང་གི་ལོ་རྒྱུས་གཏིང་ཟབ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་དུས་རྟག་ཏུ་བོད་ནང་གི་བོད་མི་ཚོ་དོན་གྱི་བདག་པོ་རེད། ཅེས་ཞུ་བཞིན་ཡོད། རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་འོག་གཞིས་ལུས་བོད་མི་ཚོ་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་ནང་རྒྱ་ནག་གི་མཁྲེགས་འཛིན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་ཇི་ལྟར་བྱེད་ཀྱི་ཡོད་མེད་རྟོགས་ཐུབ། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་མེད་བརྗོད་རྒྱུའི་དཔང་རྟགས་ཧ་ཅང་གསལ་པོ་ཞིག་དཔེ་དེབ་འདིའི་ནང་འཁོད་ཡོད། ང་ཚོས་དུས་རྟག་ཏུ་མི་རབས་རྒན་པ་ཚོ་བཀའ་དྲིན་ཆེན་པོ་ཡིན། ཞེས་ཞུ་རྒྱུ་དེའི་དཔེ་མཚོན་སྟག་སྣ་འཇིགས་མེད་བཟང་པོ་ལགས་དེ་རིང་འདིར་དངོས་སུ་ཡོད་པ་མ་ཟད། ཁོང་གི་ལོ་རྒྱུས་ནང་དུ་ཡང་ཧ་ཅང་གསལ་པོ་འཁོད་ཡོད། དེར་བརྟེན་ཕྱི་ནང་བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་རྣམས་ནས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་གཟིགས་ཏེ་དེ་ནས་བསླབ་བྱ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་དགུ་བཅུ་གསུལ་ལས་འགུལ་ཚོགས་པས་འགན་འཁྱེར་བའི་ཐོག་ནས་སྟག་སྣ་འཇིགས་མེད་བཟང་པོ་ལགས་སུ་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེབ་འདི་རིམ་པས་སྐད་ཡིག་གཞན་གྱི་ཐོག་བསྒྱུར་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་བཤད་གནང་ཡོད།།