༢༠༡༤ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་༼མི་ཚེའི་མྱོང་ཚོར་༽སྐོར་གྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་འཇམ་དབྱངས་བཟོད་པ་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བའི་དབུས་སུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་ཚོགས་པའི་ངོས་ནས་དཔེ་དེབ་རྩོམ་སྒྲིག་པར་སྐྲུན་ཞུས་པའི་དགོས་དོན་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་དབྱིན་སྐད་ཐོག་ནས་དགོས་དམིགས་ངོ་སྤྲོད་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༼མི་ཚེའི་མྱོང་ཚོར་༽སྐོར་གྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་གྲུབ་མཚམས་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་དོན།
དེ་རིང་གུས་པ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་འགོ་འབྱེད་ཀྱི་མཛད་སྒོར་ཆེད་ཕེབས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གསར་འགོད་པ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་རྒས་འཁོགས་ཉམ་ཆུང་འདི་ལྟ་བུའི་ལོ་རྒྱུས་ཀྱི་དཔེ་དེབ་འགོ་འབྱེད་མཛད་སྒོར་སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་མཆོག་ཕེབས་ཏེ་འགོ་འབྱེད་གནང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ཉེར་བརྒྱད་ཐོག་སྩལ་བའི་བཀའ་སློབ་ནང། དེ་སྔ་སོ་སོ་རང་ཉིད་ཐོག་གནས་ཚུལ་མང་པོ་ཞིག་བྱུང་བ་དང་། དེ་བཞིན་གཞན་གྱི་ཟེར་སྒྲོས་རྗེས་འབྲངས་མ་ཡིན་པར་ཁུངས་ལྡན་གྱི་གནས་ཚུལ་རང་གིས་མཐོང་ཐོས་རྣམས་དོ་སྣང་ཆེན་པོས་ཡིག་ཐོག་ཏུ་འགོད་དགོས། དེ་ལྟར་མ་བྱས་ན་གནས་ཚུལ་ཇི་སྙེད་ཅིག་རང་ཐོག་ཏུ་མྱངས་པའི་མི་སྣ་མང་དག་ཅིག་རིམ་བཞིན་རྫོགས་འགྲོ་གི་འདུག མ་འོངས་པའི་དུས་སྐབས་ཤིག་ལ་དེའི་ཚེ་དེའི་དུས་ཧ་ཅང་སྡུག་པོ་བྱུང་བ་རེད། ཅེས་གསུང་སྒྲོས་ཙམ་མ་གཏོགས་གཅིག་ནས་གཉིས་སུ་བརྒྱུད་པའི་གནས་ཚུལ་ཞིབ་ཚགས་ཤོད་རྒྱུ་མེད་པའི་ཉེན་ཁ་ཆགས་ངེས་འདུག དེར་བརྟེན་དངོས་བྱུང་ལོ་རྒྱུས་རྒྱས་བསྡུས་གང་ཞིག་ཡིིན་རུང་ཡིག་ཐོག་ལ་བཀོད་ནས་མང་ཙམ་འདོན་ཐབས་བྱེད་དགོས། ཞེས་བཀའ་སློབ་ཕེབས་འདུག་པ་ལྟར། ངའི་དཔེ་དེབ་འདོན་སྤེལ་གྱིས་ལག་བསྟར་ཐུབ་པ་དེ་ལྟར་ཡིན། དེ་བཞིན་བདེ་སྲུང་བཀའ་བློན་མཆོག་གིས་ཡིག་ཐོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གུས་པར་རང་ཉིད་ཀྱི་ལོ་རྒྱུས་འབྲི་དགོས་སྐོར་གྱི་བསྐུལ་མ་གནང་བར་བརྟེན་དེ་ལྟར་ལེགས་གྲུབ་ཐུབ་སོང། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློབ་ཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག དགུ་བཅུ་གསུམ་གྱི་ཚོགས་གཙོ་ལྷན་རྒྱས་ཚང་མ་དང་ལྷག་པར་དེབ་འདིའི་བདག་དབང་ཆ་ཚང་ཡོད་པའི་ལོ་ཡུན་རིང་པོ་བཙོན་ཁང་དུ་བཞུགས་མྱོང་མཁན་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དངོས་སུ་མཇལ་བར་ཧ་ཅང་སྐལ་པ་བཟང་པོ་བྱུང། དེ་རིང་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཞུས་ཐོག་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཚིག་ཁ་ཤས་ཤིག་ཞུ་རྒྱུར། སྤྱིར་བཏང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལོ་རྒྱུས་ཕྱོགས་བསྒྲིགས་གནང་དང་གནང་མུས་རེད། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནས་ངག་རྒྱུན་གྱི་དཔེ་དེབ་ཕྱོགས་བསྒྲིགས་བྱེད་བཞིན་འདུག མདོར་ན། གསར་ཁང་སོགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་སོགས་ཀྱི་ལོ་རྒྱུས་དཔེ་དེབ་མང་དག་ཕྱོགས་སྒྲིག་བྱས་ཡོད་པའི་གླེང་བརྗོད་མང་པོ་ཞིག་༸གོང་ས་མཆོག་གིས་གསོལ་རས་སྩལ་ཡོད།
དེ་བཞིན་བདེ་སྲུང་དང་ཕྱི་དྲིལ་ལས་ཁུངས་ནས་ཀྱང་མང་པོ་ཞིག་གནང་འདུག དེ་དག་ནང་ད་ལྟའི་སྐབས་དེབ་འབྲི་དགོས་དོན་ནི། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་དཀའ་ངལ་ག་ཚོད་བརྒྱབ་ཡོད་པ་རྣམས་མ་འོངས་པའི་མི་རབས་གཞོན་པ་ཚོས་ཤེས་ཆེད་རེད། ཅེས་འཁོད་ཡོད། ང་སྒེར་གྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ནས་འདོན་སྤེལ་གནང་བའི་དཔེ་དེབ་མང་པོ་ཞིག་ཀློག་མྱོང་ཡོད། དེར་བརྟེན་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་རྣམས་ཡང་ཡང་དྲན་རྒྱུར་ཕན་ཐོགས་ཆེན་པོ་འདུག མ་འོངས་པར་གཞོན་སྐྱེས་ཚོར་ཀློག་ཆེད་དཔེ་དེབ་འགྲེམས་སྤེལ་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟའི་སྐབས་སུ་བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནས་ཚུལ་ཐོན་གྱི་ཡོད་སྟབས། ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་དོ་སྣང་སྔར་ལྷག་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད། དཔེ་དེབ་འདི་རིགས་བོད་པ་གནས་ཁུལ་དུ་གང་མང་འགྲེམས་སྤེལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྟག་སྣ་འཇིགས་མེད་བཟང་པོར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།
དེ་ནས་བདེ་སྲུང་བཀའ་བློན་མཆོག་དང་སྲིད་སྐྱོང་མཆོག་གིས་རིམ་བཞིན་གསུང་བཤད་གནང་གྲུབ་མཚམས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་དང་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས། དགུ་བཅུ་གསུམ་གྱི་ཚོགས་གཙོ་སོགས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང་བ་མ་ཟད། སྲིད་སྐྱོང་མཆོག་གིས་དཔེ་དེབ་རྩོམ་སྒྲིག་གནང་མཁན་གཉིས་ལ་ཐུགས་རྗེ་ལེགས་སོའི་ཕྱག་རྟགས་གནང་གྲུབ་འཕྲལ་དགུ་བཅུ་གསུམ་གྱི་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་མཇུག་སྡོམ་གསུང་བཤད་གནང་སྟེ་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།