༢༠༡༤ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་རྒྱ་ནག་གི་མི་རབས་གསར་པའི་ལས་འགུལ་སྣེ་ཁྲིད་གནང་མཁན་རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཞུ་ཀྲི་ཡོང་ Mr. Xu Zhiyong ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་འབྲིང་རིམ་མི་མང་ཁྲིམས་ཁང་དང་པོས། མི་མང་འགྲོ་འདུག་བྱེད་སའི་ས་ཆའི་སྟེང་མི་མང་འདུ་བསྐོང་བྱས་ཏེ་སྒྲིག་ལམ་གཏོར་བཤིག་བཏང་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༢ ཉིན་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག སྐུ་ཞབས་ཞུ་ཀྲི་ཡོང་ནི་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཟང་བཙོན་དུ་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༢ ཉིན་ཁོང་དངོས་སུ་བཙོན་འཇུག་བྱས་ཡོད་འདུག
དེ་ཡང་སྐུ་ཞབས་ཞུ་ཀྲི་ཡོང་གིས་ཕྱི་ཚེས་ ༢༢ ཉིན་ཁྲིམས་ཐག་གཅོད་སྐབས་གསུང་དོན། ངོ་གདོང་ཙམ་ལ་བལྟས་ན། དམངས་ཀྱི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཆེད་རྩོད་ལེན་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་གཉིས་དབར་གྱི་ས་མཚམས་འཛོལ་ནས་འགལ་ཟླ་བྱུང་བའི་གནད་དོན་ལྟ་བུར་སྣང་ཡང་དོན་དངོས་ནི། རྩ་ཁྲིམས་ནང་འཁོད་པའི་དམངས་ཀྱི་ཐོབ་ཐང་ལ་ཁྱེད་ཀྱིས་བརྩི་བཀུར་ཞུ་རྒྱུ་ཡིན་མིན་གྱི་གནད་དོན་དེར་ཐུག་ཡོད། ཅེས་སོགས་གསུངས།
སྐུ་ཞབས་ཞུ་ཀྲི་ཡོང་ནི་རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་དང་། སྨྲ་བརྗོད་རང་དབང་། ལྐོག་ཟ་རུལ་སུངས། ཡུལ་ཁྲིམས་ཐོག་དངོས་གསལ་དོད་པོས་རྩོད་ལེན་དང་གདོང་ལེན་གནང་མཁན་ཞིག་ཡིན། ཕྱི་ལོ་ ༢༠༠༣ ལོར་ཁོང་གིས་ (Open Constitution Initiative) རྒྱ་ནག་སྤྱི་དམངས་མནའ་སྦྲེལ་ཚོགས་པ་ཞེས་པ་ (Gongmeng) གསར་འཛུགས་ཀྱིས་ཁྲིམས་ལུགས་དང་རྩ་ཁྲིམས་སྲུང་སྐྱོབ་ཆེད་འབད་བརྩོན་གནང་ཡོད། ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཀྱིས་རྒྱུ་མཚན་ཁ་གསལ་གང་ཡང་མེད་པར་ཚོགས་པའི་དྲ་རྒྱ་སྒོ་བརྒྱབ་ཡོད།
ཕྱི་ལོ་ ༢༠༠༩ ལོར་ཚོགས་པ་དེས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་ཡོད། ཤོག་གྲངས་ ༢༢ ཅན་གྱི་སྙན་ཐོ་དེའི་ནང་པེ་ཅིང་གཞུང་གིས་རོགས་རམ་བྱས་པའི་སྐུ་དྲག་གསར་པ་ཁག་གཅིག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དབང་བསྒྱུར་བྱེད་བཞིན་ཡོད་པ་དང་། ཁོང་ཚོར་པེ་ཅིང་གཞུང་གིས་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་པར་བརྟེན། པེ་ཅིང་གཞུང་གིས་གང་བཤད་ལ་ཁོང་ཚོས་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུའི་པེ་ཅིང་གཞུང་གིས་རེ་ངན་འཆང་བཞིན་ཡོད། བོད་ནང་གི་སྐུ་དྲག་གསར་པ་དེ་དག་གིས་རང་གི་དབང་ཆ་མ་ཤོར་བ་དང་རང་སྐྱོན་འགེབ་ཆེད་ཉེན་ཁག་ཆ་ཚང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དཀྲིས་ཏེ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན། ཞེས་འཁོད་པ་མ་ཟད། གཞན་ཡང་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ལ་བོད་མི་ཚོས་ཞི་རྒོལ་རྔམ་སྟོན་གནང་བའི་རྒྱུ་རྐྱེན་གཙོ་བོ་ནི་ས་ཁུལ་དེ་དག་ཏུ་རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པས་ཡིན་སྐོར་འཁོད་ཡོད།
དེ་བཞིན་བོད་ནང་དུ་རང་ལུས་མེར་སྲེག་གི་གནད་དོན་ཇེ་མང་དུ་འགྲོ་བཞིན་པ་དེར་རྟོག་ཞིབ་ཆེད་སྐུ་ཞབས་ཞུ་ཀྲི་ཡོང་ཕྱི་ལོ་ ༢༠༡༢ ལོར་བོད་བྱང་ཤར་བར་མ་ཤང་ཁུལ་དུ་རང་ལུས་མེར་སྲེག་གི་གནད་དོན་ཐོག་རྟོག་ཞིབ་གནང་ཆེད་ཕེབས་ཡོད་པ་དང་། ལོ་དེའི་འགོ་སྟོད་དུ་ཛམ་ཐང་དགོན་པའི་ཉེ་འགྲམ་དུ་བོད་མི་ན་གཞོན་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་བོད་ནས་ཕྱིར་ལོག་རྗེས་ཨ་རིའི་ནིའུ་ཡོཀ་དུས་བབ་ཚགས་ཤོག་ The New York Times གི་རྩོམ་སྒྲིག་པའི་གླེང་སྟེགས་ཐོག འབར་བཞིན་པའི་བོད། ཅེས་པའི་བརྗོད་གཞིའི་ཐོག་ཡོང་ཁྱབ་རྩོམ་ཡིག་གཅིག་སྤེལ་ཡོད།
དེ་ཡང་རྩོམ་ཡིག་དེའི་ནང་འཁོད་དོན། སྣང་གྲོལ་ལགས་ཀྱིས་གཙོས་བོད་མི་ཚོས་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་བཞིན་པ་དེར་ང་ཚོ་རྒྱ་མི་རིགས་ཚོས་བཟང་ངན་གྱི་རྣམ་འགྱུར་གང་ཡང་མ་བསྟན་པར་ཁུ་སིམ་མེར་བསྡད་པ་དེར་ངས་དགོངས་སེལ་ཞུ་རྒྱུ་ཡིན། སྤྱིར་ང་ཚོ་ཡང་ནང་འཁྲུག་དང་ཆགས་སྡང་དབང་གིས་ཕན་ཚུན་རྩོད་གླེང་དང་གཅིག་གིས་གཅིག་རྩ་མེད་བཟོ་རྒྱུའི་སྤྱི་ཚོགས་ཀྱི་གཞན་དབང་འོག་ཚུད་ནས་དཀའ་སྡུག་མྱོང་བཞིན་ཡོད། ཅེས་སོགས་འཁོད་ཡོད།