༢༠༡༤ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ལྷན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་གཉིས་ལྡི་ལི་དང་ཇེ་པུར། ཇོདྷ་པུར་བཅས་སུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་སྤེལ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༡༥ ཉིན་བཀའ་བློན་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༼Micro insurance Academy ( MIA ) ༽ཞེས་པའི་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ཌེ་ཝི་ཌ་ཌ་རུར་(Mr.David Dror) ལགས་མཇལ་འཕྲད་དང་འབྲེལ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ད་ལྟ་དང་མ་འོངས་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་དང་།
ཕྱི་ཚེས་ ༡༦ ནས་ ༡༨ བར་རྒྱ་གར་གྱི་ར་ཇི་སི་ཐན་མངའ་སྡེའི་གྲོང་ཁྱེར་ཇེ་པུར་དང་ཇོདྷ་པུར་ཁུལ་དུ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྐོར་དང་། ལས་གཞི་འདིའི་ནང་འཛུལ་ཞུགས་གནང་རྒྱུའི་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་ཆབས་ཅིག བོད་མི་རྣམས་ནས་སོ་སོའི་ནང་མིར་འཕྲོད་བསྟེན་གྱི་དཀའ་ངལ་ཛ་དྲག་འཁེལ་སྐབས་སྲུང་སྐྱོབ་ཐུབ་ཐབས་སུ་ལས་གཞི་འདིའི་ནང་ཚོགས་ཞུགས་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་མ་ཟད། གཉེན་ནད་རེག་དུག་གི་ནད་གཞི་དང་དེའི་སྲུང་སྐྱོབ་སྐོར་ཡང་གོ་རྟོགས་སྤེལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་བཀའ་བློན་མཆོག་རྒྱལ་ས་ལྡི་ལིརཡོད་པའི་འཇར་མ་ནིའི་གཞུང་ཚབ་པ་མཆོག་དང་ལྷན་མཇལ་འཆར་ཡོད་འདུག སྤྱིར་བཏང་འདས་པའི་ལོ་གཉིས་ཙམ་ནས་འཇར་མ་ནི་གཞུང་གིས་(Malteser International) དང་ (MIA) ཞེས་པའི་ཚོགས་པ་གཉིས་བརྒྱུད་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་རོགས་མགོན་གནང་བཞིན་ཡོད།།