༢༠༡༤ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་ ༦༥ པ་བཀའ་ཤག་མདུན་ཐང་དུ་སྲུང་བརྩི་ཞུས་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དྲུང་འཕར་ཡན་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་ཚང་མ་སྐུ་བཞེངས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་བཏང་དང་ཆབས་ཅིག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད། དེ་ནས་བཀའ་བློན་མཆོག་གིས་རྒྱ་གར་གྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་དགོས་དོན་སྐོར་གསར་འགོད་པ་ཚོར་གསུང་དོན། ང་ཚོ་རྒྱ་གར་ནང་བསྡད་ནས་ལོ་ ༥༤ བརྒལ་བ་འགྲོ་གི་ཡོད། རྒྱ་གར་གཞུང་མང་གཉིས་ནས་ང་ཚོར་རང་དབང་ཆེན་པོ་གནང་ཡོད། དེ་རིང་རྒྱ་གར་གཞུང་མང་གཉིས་ནས་གལ་ཆེ་བའི་དུས་ཆེན་དེ་བཞིན་སྲུང་བརྩི་ཞུ་གི་ཡོད་པར་བརྟེན་ང་ཚོས་ཀྱང་དེ་དེ་བཞིན་ཞུ་བཞིན་ཡོད། གང་ལ་ཞེ་ན། ང་ཚོས་ལོ་ཡུན་དེའི་རིང་རང་ཉིད་ཀྱི་ཆོས་དང་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་བྱུང་བ་ནི་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན། རྒྱ་གར་ནི་དེ་སྔ་ལོ་ངོ་ ༢༠༠ དབྱིན་ཇིའི་མངའ་འོག་ཏུ་བསྡད་པའི་རིང་རྒྱ་གར་གྱི་འཚེ་མེད་ཞི་བའི་དབུ་ཁྲིད་དམ་པ་གྷན་ངྷི་(Mahatma Gandhi) མཆོག་གིས་གཙོས་སྐུ་ཞབས་སར་ཌར་པ་ཊེལ་ (Sardar Patel) མཆོག་སོགས་ཀྱིས་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྟེན་ནས་རྒྱ་གར་ལ་རང་བཙན་ཐོབ་ཡོད། རྒྱ་གར་གྱི་འཚེ་མེད་ཞི་བའི་ཐབས་ལམ་ནི་འཛམ་གླིང་ཁྱོན་ཡོངས་ལ་མང་གཙོ་དང་རང་དབང་འཐབ་རྩོད་བྱེད་རྒྱུའི་ནང་དམིགས་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད།
དེ་བཞིན་ང་ཚོས་བོད་ནང་གི་རྒྱ་ཆེའི་མི་མང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་གནས་དགོས་རྒྱུ་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆེད་དུ་རེད། བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་སྒྱུ་རྩལ་བ་སོགས་ནས་བོད་བསྟན་སྲིད་སླད་རང་ལུས་མེར་སྲེག་བཏང་བར་སེམས་འཚབ་དང་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། རྒྱ་གར་ལ་ལོ་ ༢༠༠ རྗེས་རང་དབང་ཐོབ་སྟེ་དེང་སྐབས་རང་དབང་ལོངས་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་ང་ཚོ་རང་དབང་ཤོར་ནས་མི་ལོ་ ༥༤ ལྷག་ལས་ཕྱིན་མེད། སྤྱིར་བཏང་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནི་ལས་སླ་པོ་ཞིག་རྩ་བ་ནས་མེད། མདོར་ན། བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་གནས་དགོས་ཀྱི་ཡོད། ལྷག་པར་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ལ་བསྔགས་བརྗོད་ཞུ་བཞིན་ཡོད། མཐར་ངས་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་ལོ་ངོ་ལྔ་བཅུ་ལྷག་རིང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་རྗེས་དྲན་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།