༢༠༡༤ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་༼མི་ཚེའི་མྱོང་ཚོར་༽སྐོར་གྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད་མཛད་སྒོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུང་བཤད་གནང་དོན།
དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀུར་འོས་སྤྱི་འཐུས་མཆོག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོས་དབུས་རྒྱུན་ལས་རྣམ་པ། རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་དེབ་དབུ་འབྱེད་གནང་རྒྱུའི་མཛད་སྒོར་ངོས་རང་ འཁྱུག་ཙམ་བཅར་ཐུབ་ན་ཡག་པོ་འདུག་ཅེས་བཀའ་གནང་བྱུང་། དེ་སྔ་ནས་དོ་བདག་ཕྲན་བུ་ཞལ་འདྲིས་ཡོད་པ་དང་། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་ཀྱི་བྱ་རྗེས་ཟེར་ན་མི་འདུག་མི་ཚེའི་ནང་སྐུ་ལས་བསྐྱོན་པ་དེ་ཡིད་འཕྲོག་པ་དང་། རྗེས་སུ་ཡི་རང་ཐོག་དགའ་པོའི་ངང་ནས་དེ་རིང་འདིར་བཅར་རྒྱུའི་གོ་སྐབས་བྱུང་བར་ཚང་མ་ལ་འཚམས་འདྲི་ཞུ་རྒྱུ་དང་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཚོད་ཐུང་ཐུང་ཞིག་གི་ནང་སྙན་གྲགས་དང་བྱས་རྗེས་ཡོད་པའི་རྒྱལ་གཅེས་པ་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་བཀའ་མོལ་ཞུ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་མ་ཟད་ ང་ལྟ་བུ་ནམ་རྒྱུན་ནས་སྐད་ཆ་ཤོད་མ་ཤེས་མཁན་དང་ཤོད་རྒྱུའི་སྤོབས་པ་ཡང་རྙེད་ཀྱི་མི་འདུག འོན་ཀྱང་སྟག་སྣ་འཇིགས་མེད་བཟང་པོ་ལགས་བཙོན་ཁང་ནང་བཞུགས་པའི་རིང་ང་རང་ལས་ཀའི་བབས་ཀྱི་བདེ་སྲུང་ལས་ཁུངས་ནང་ལོ་མང་པོ་རང་བཞིན་གྱིས་ལྷག་པ་ཡིན་སྟབས་ཆབ་སྲིད་བཙོན་པ་མང་པོའི་ལོ་རྒྱུས་དངོས་སུ་མཇལ་བ་དང་། མི་སྣ་བརྒྱུད་ནས་གོ་བ། སྤྱིར་བཏང་མི་མང་པོའི་ལོ་རྒྱུས་རག་ཁག་པོ་དང་། ལྷག་པར་འདྲ་དཔར་ཡང་རག་ཁག་པོ་ཡོད་པ་སྒང་ལ་འཐབ་རྩོད་བྱེད་རྒྱུའི་བསམ་བློ་བཏང་སྟེ་མི་དེ་ཚོས་ད་ལྟ་བར་དུ་སྐུ་ངལ་བསྐྱོན་པའི་གནས་སྟངས་དེ་ལས་གསལ་ཙམ་ཞིག་མི་གཞན་གྱི་ཤེས་པ་ཡིན་ན་བསམ་མཁན་གྱི་མི་གཅིག་ཡིན། ཕྱིས་སུ་སྟབས་ལེགས་པ་ཞིག་ལ་ཕྱི་རྒྱལ་ལ་ཕེབས་རྒྱུའི་གོ་སྐབས་བྱུང་དུས་དངོས་སུ་མཇལ་རྒྱུ་བྱུང་། ལོ་རྒྱུས་རོབ་ཙམ་དེ་སྔ་གོ་མྱོང་། ཞིབ་ཕྲ་དང་སྐབས་དེ་དུས་དོགས་པ་མ་ཆོད་པའི་གནས་ཚུལ་ཁ་ཤས་བཀའ་འདྲི་དང་བཀའ་སློབ་ཞུ་རྒྱུའི་གོ་སྐབས་བྱུང་བ་རྣམས་ཧ་ཅང་སྐལ་པ་བཟང་པོ་ཡིན
སོ་སོ་ཡིན་རུང་ཁོང་ལྟ་བུ་ཞིག་མཇལ་རྒྱུའི་གོ་སྐབས་བྱུང་བ་ནི་སྙིང་སྟོབས་འཕེལ་བ་དང་། སྐལ་པ་བཟང་པོ་ཡིན་བསམས་པ་ནམ་རྒྱུན་ནས་དྲན་གྱི་ཡོད། ད་རེ་དུས་ཚོད་ཐུང་ཐུང་རེད། གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་གི་རེད། ཚོགས་པའི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་ནང་ཞིབ་ཕྲ་བཀོད་འདུག་པས་ཡོངས་སུ་མོས་མཐུན་ཞུས་པའི་ཐོག་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགུང་ལོ་དར་མའི་སྐབས་ཀྱི་སྐུ་ཚེ་བཙོན་ཁང་ནང་སྐྱེལ་དགོས་པའི་གནས་ཚུལ་བྱུང་བ་རེད། དེ་ཡང་སྔ་རྗེས་བར་གསུམ་དུ་གུན་ཁྲན་ཏང་གི་ཁ་རྒྱུན་ལ་འགྱུར་བ་མེད་པའི་སྙིང་སྟོབས། ཞེས་པ་སེམས་ཁོངས་སུ་བཅངས་ནས་བོད་རྒྱལ་ཁབ་དང་མི་རིགས། བོད་བསྟན་སྲིད་ལ་ལྷག་བསམ་རྣམ་དག་དང་། རྒྱལ་ཞེན་གྱི་དཔེ་མཚོན་གསོན་པོ་ལྟ་བུ་ཞིག་ང་རང་ཚོ་ཚང་མས་མཇལ་ཐུབ་ཡོད་རེད་བསམ་གྱི་འདུག བཙོན་ཁང་ནང་བཞུགས་མཁན་ལོ་ཡུན་རིང་ཤོས་གྲས་ཤིག་རེད། བཙོན་ཁང་ནང་བཞུགས་པའི་སྐབས་ཀྱི་སྙིང་སྟོབས་དང་གདོང་ལེན་དམ་བཅའ་བརྟན་བཟུང་། བློ་རྩ་བརྟན་པོ་གནང་རྒྱུ། གང་ལྟར་བློ་བརྟན་འགྱུར་མེད་ཀྱི་ངང་ནས་མི་ཚེ་བཟང་མཐའ་འཁྱོལ་བའི་དོན་གྱི་རྒྱལ་གཅེས་དཔའ་བོའིདཔེ་དེབ་དབུ་འབྱེད་ལ་བཅར་རྒྱུའི་གོ་སྐབས་བྱུང་བར་ངས་གུས་འདུད་དང་སྦྲགས་འཚམས་འདྲི་ཞུ་རྒྱུ་ཡིན།
མི་ཚེའི་ལོ་རྒྱུས་དེ་སྤྱིར་ཆབ་སྲིད་བཙོན་པ་མང་པོ་དང་རང་བཞིན་གྱིས་འབྲེལ་བ་ཆགས་ཀྱི་ཡོད
འབོད་སྐུལ་དང་གསལ་འདེབས་ཞུ་རྒྱུ་བྱུང་ལ་ལྷག་པར་དུ་གོང་དུ་འཇིགས་བཟང་ལགས་ཀྱིས་གསུང་བ་ལྟར་ལོ་ན་བགྲེས་པོ་རེད། ཁོང་རྣམ་པའི་ལོ་རྒྱུས་དེ་ཚོ་གཞན་གྱི་རྗེས་འབྲང་ལྟ་བུ་ཉན་པ་ལས་དོ་བདག་རང་ཉིད་ཀྱི་འབྲི་ཐུབ་ན་དཔང་རྟགས་རེད་ལ་མ་འོངས་པའི་མི་རབས་ལ་བཞག་ཐུབ་རྒྱུ་དང་། སློབ་སྦྱོང་ཞུ་ཐུབ་པ་ཡིན་པར་བརྟེན་སྔ་རྗེས་འབོད་སྐུལ་ཞུ་རྒྱུ་བྱུང་
དེ་རིང་དེབ་འདི་ཐོན་སྟབས་ཧ་ཅང་ཡག་པོ་བྱུང་འདུག ལྷག་པར་དགུ་བཅུ་གསུམ་ཚོགས་པའི་ངོས་ནས་དེབ་འདི་དང་འདྲ་བའི་དེབ་ཉི་ཤུ་རྩ་གྲངས་བཏོན་གནང་བ་རེད། ནམ་རྒྱུན་ནས་དོ་སྣང་བྱེད་ཀྱི་ཡོད། མ་འོངས་པར་འཐབ་རྩོད་པའི་མི་རིགས་ཤིག་ཡིན་པར་བརྟེན་དེ་ཚོའི་ཐོག་ནས་ལེགས་ཆ་ལེན་རྒྱུ་དང་། འཇིགས་བཟང་ལགས་ལྟ་བུའི་རྒྱལ་གཅེས་པ་དེ་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་དང་གུས་བཀུར་ཞུ་རྒྱུ་ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ་པ་དུས་རྒྱུན་དུ་བསམ་གྱི་ཡོད། འོན་ཀྱང་རྒྱུན་རིང་པོ་གཤིབ་མྱོང་མེད་ཀྱང་འཇིགས་བཟང་ལགས་ཀྱི་ཐུགས་གཤིས་ཉམ་ཆུང་དང་། གཞན་ལ་གསུངས་མ་ཕོད་མཁན། དཔེ་མཚོན་ཆུང་ཆུང་ཞིག་བཞག་ན། བཙོན་ཁང་ནང་ལོ་མང་བཞུགས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐབས་ལམ་ཐོག་ནས་སྨན་བཅོས་དང་སྦྲགས་ཕྱི་ལོག་ལ་སླེབས་རྒྱུའི་གོ་སྐབས་ཐོབ་ཀྱང་བློ་རྩ་བརྟན་པོའི་ངང་ནས་འགྱུར་བ་མེད་པའི་ཐོག་དང་ལེན་མ་གནང་བ་དེ་ཚོ་ཧ་ལས་པའི་མི་ཚེ་གཅིག་གི་མིའི་ལོ་རྒྱུས་ལ་ཆ་བཞག་ནས་གདེང་ཚོད་རྒྱག་དགོས་བྱུང་བ་ཡིན་ན་ལྗིད་ཚད་བཀྱགས་རྒྱུ་མེད་པ་ལྟ་བུ་རེད་བསམ་གྱི་འདུག མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་སྒེར་གྱི་ཁེ་ཕན་བློས་བཏང་སྟེ་དང་ལེན་མ་གནང་བ་རེད། ཕེབས་རྒྱུའི་གོ་སྐབས་བྱུང་བ་དེ་དང་ལེན་གནང་བ་དེ་ནི་ཐག་གཅོད་ཡག་པོ་གནང་འདུག ཕྱི་ཕྱོགས་སུ་ཕེབས་ཐུབ་པ་འདིའི་ཐོག་ནས་རྒྱལ་སྤྱི་ནང་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་སློབ་སྦྱོང་བྱ་རྒྱུའི་་གོ་སྐབས་རག་པ་དེ་ཡག་པོ་བྱུང་འདུག འདིའི་ནང་ལ་གནས་ཚུལ་མང་པོ་ཞིག་ཏན་ཏན་ཞིབ་ཕྲ་འཁོད་གནང་ཡོད་ཀྱི་མ་རེད་བསམ་གྱི་འདུག དེ་ངའི་ཚོད་དཔག་ཡིན། འོན་ཀྱང་སྐབས་དེའི་བཙོན་རོགས་མང་པོ་ཞིག་འདི་གར་ཕེབས་ཡོད། ཁོང་རྣམ་པས་ངེས་པར་དུ་ཁ་གསབ་གནང་དགོས་རྒྱུ་ལ་དོ་བདག་རང་ཉིད་ཀྱི་ཐུགས་གཤིས་་ཐོག་འབྲི་པ་ཡིན་ན། སོ་སོ་རང་ཉིད་ཀྱིས་རང་ཉིད་ལ་བསྟོད་པ་ལྟ་བུ་དགོངས་ནས་མ་བྲིས་པ་ཏན་ཏན་ཡོད་ཀྱི་རེད་བསམ་གྱི་འདུག བཙོན་རོགས་གཞན་པ་ཚོས་རྒྱུས་ཡོད་ཐོག་ནས་མ་འོངས་པར་ཁ་གསབ་གནང་ཐུབ་པ་བྱུང་བ་ཡིན་ན་ཏན་ཏན་དགེ་མཚན་ཡོང་གི་རེད། དེབ་འདི་ད་རེ་བོད་ཡིག་ནང་ཐོན་པ་རེད། མ་འོངས་པར་དབྱིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་འདྲ་མིན་ཐོག་ཐོན་ཐུབ་རྒྱུར་ང་ཚོ་ཚང་མས་ཤུགས་རྒྱག་དགོས། ང་རང་སྒེར་ངོས་ནས་འབོད་སྐུལ་ཞུ་རྒྱུ་དང་། དེའི་ཐོག་ལ་བསམ་བློ་གཏོང་རྒྱུས་མཚོན་རེ་འདུན་ཞུ་རྒྱུའི་ཀུན་སློང་ཡོད། མཐུན་འགྱུར་ཐོག་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག ད་རེས་འདིར་བཅར་ཐུབ་པ་ཧ་ཅང་དགའ་བོ་བྱུང་། འཇིགས་བཟང་ལགས་དངོས་སུ་མཇལ་བ་དང་། གོ་སྐབས་འདི་བརྒྱུད་ནས་རྒྱལ་གཅེས་དཔའ་བོ་ད་བར་བཙོན་ཁང་ནང་ལོ་མང་བཞུགས་པ་དང་། ད་ལྟ་བཙོན་ཁང་ནང་དངོས་སུ་ཡོད་པ་ཚང་མར་གུས་བཀུར་དང་སྙིང་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གགསུང་བཤད་གནང་ཡོད།