༢༠༡༤ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༧༦ ནས་སློབ་གྲྭའི་རེག་ཊར་དང་ངེས་སྟོན་པ། སློབ་སྤྱི། ཆོས་དགེ། དགེ་རྒན་སོགས་ཁྱོན་མི་གྲངས་ ༢༡༥ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཉིན་གསུམ་པར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞིའི་སྐོར་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པས་དབུས་ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་སྤྱི་དང་དགེ་ཆེ། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་ཚོ་ཚང་མར་ཐེངས་འདིར་ཤེས་རིག་ཚོགས་ཆེན་སྐབས་དྲུག་པའི་ཐོག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་སྐོར་ངོ་སྤྲོད་ཞུས་དགོས་པའི་བཀའ་ཕེབས་སོང་། འདིའི་ཐོག་དམིགས་བསལ་གསར་པ་ཞུ་རྒྱུ་གང་ཡང་མི་འདུག སྤྱིར་བཏང་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆའི་ནང་ཧ་ཅང་གསལ་པོ་ཡོད། དེའི་ནང་སྤྱིར་ཤེས་ཡོན་གྱི་དགོས་པ་དང་བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ།
དེ་བཞིན་ཤེས་ཡོན་གྱི་དམིགས་ཡུལ་བཞི་བཅས་ཡོད་པ་ཧ་ཅང་གསལ་པོ་རེད། ཤེས་ཡོན་སྲིད་བྱུས་ཀྱི་དེབ་ལྗགས་ཀློག་གནང་ན་མ་མཁྱེན་པ་དང་ཡང་བསྐྱར་འགྲེལ་བཤད་རྒྱས་པ་རྒྱག་རྒྱུ་མེད་པ་ལྟ་བུ་རེད། འོན་ཀྱང་དེ་ཚོའི་ཐོག་ཐུགས་ཐག་མ་ཆོད་པ་དང་དོགས་བཅོས་གནང་དགོས་ཡོད་ན། ད་ལྟ་དྲི་བ་དྲིས་ལན་སྐབས་གནང་ཆོག་པ་ཞིག་རེད། སྤྱིར་བཏང་བསླབ་པའམ་སློབ་གསོར་ང་ཚོས་ཤེས་ཡོན་ཞེས་བརྗོད་ཀྱི་ཡོད། འདི་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད། འགྲོ་བ་མི་འདི་དུད་འགྲོ་ལ་སོགས་པའི་འགྲོ་བ་གཞན་ལ་དབྱེ་བ་འབྱེད་རྒྱུའི་ཁྱད་ཆོས་ཁྱད་པར་བ་དེ་གང་ཡིན་ཞེ་ན། སྨྲ་བརྗོད་ཀྱི་སྐད་དང་རྣམ་འབྱེད་ཀྱི་ཤེས་རབ་གཉིས་པོ་རེད། སྨྲ་བརྗོད་ཀྱི་སྐད་ཡིག་འདི་ནང་གི་རྣམ་རྟོག་གིས་དྲངས་པའི་ལུས་ངག་གི་རྣམ་རིག་ཅིག་ཆགས་ཀྱི་ཡོད། དེ་ལྟ་བུའི་ལུས་ངག་གི་རྣམ་རིག་འདི་ཡོང་རྒྱུའི་རྒྱབ་ལྗོངས་ནི་དངོས་པོའི་གནས་ལ་དཔྱད་ཞིབ་དང་བླང་དོར་འབྱེད་རྒྱུའི་བློ་གྲོས་སམ་ཤེས་རབ་ཀྱི་ནུས་པ་ཡོད་པ་དེ་གཉིས་ཀྱིས་མི་འདི་ཕྱུགས་ལས་བྱེ་བྲག་འབྱེད་རྒྱུའི་ཁྱད་ཆོས་དེ་གཉིས་རང་རེད། དེའི་དབང་གིས་མིའི་སྤྱི་ཚོགས་རིམ་བཞིན་ཡར་རྒྱས་ཕྱིན་པའམ། ཡང་ན་བསྐལ་པ་རྫོགས་ལྡན་ནས་མར་འགྲིབ་པ་ ལྟ་བུ་ཡིན་ནའང་། མིའི་སྤྱི་ཚོགས་ནང་རིག་པའི་གནས་དང་བཟོ་ཡི་གནས་ལ་སོགས་པ་རྣམ་གྲངས་མང་དག་ཅིག་ཡོང་གི་ཡོད།
ཕྱོགས་མཚུངས་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་ཧ་ཅང་ཕྱུག་པོ་ཡིན་པ་མ་ཟད། མིའི་ལུས་རྟེན་ལ་བརྟེན་ནས་སྐྱེ་བ་བརྟན་གྱི་འདུན་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ནུས་རྒྱུའི་གནས་བབ་ཡོངས་རྫོགས་གང་འདྲ་བྱས་ནས་ཡོང་བཞིན་ཡོད་བརྗོད་ན། རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་ཡོང་བཞིན་ཡོད། འགྲོ་བ་མིར་རང་ཆས་སུ་ཡོད་པའི་རྣམ་འབྱེད་ཀྱི་ཤེས་རབ་དེའི་ས་བོན་དེར་མྱུ་གུ་འཁྲུངས་རྒྱུ་དང་། སྡོང་པོ་འཚར་རྒྱུ། མེ་ཏོག་གི་འབྲས་བུ་ཡོང་རྒྱུའི་མཐུན་རྐྱེན་དེར་ཆུ་ལུད་དྲོད་གཤེར་དང་མཚུངས་པའི་མཐུན་རྐྱེན་མང་དག་ཅིག་འཛོམས་དགོས་ཀྱི་ཡོད། དེའི་ནང་ཐོས་བསམ་བྱེད་རྒྱུ་ནི་མཐུན་རྐྱེན་དང་པོ་དང་མེད་དུ་མི་རུང་བ་དང་པོ་འདི་རེད། ཐོས་བསམ་ནི་དགེ་རྒན་གྱིས་བསླབ་པ་དང་རང་གིས་སྦྱངས་པ་གཉིས་ཚོགས་ཐོག་ནས་སློབ་སྦྱོང་ཞེས་པའི་ཚིག་འདི་བྱུང་བ་རེད།
གཞན་གྱིས་བསླབ་པའམ་གསུང་རབ་ལས་ཐོས་པ། དེ་ལ་བརྟེན་ནས་རང་ཉིད་ཀྱིས་སྦྱོང་བརྡར་བྱས་ནས་ཉམས་ཐོག་ཏུ་འབེབས་པར་བྱ་རྒྱུའི་མཐུན་རྐྱེན་འགྲོ་བ་མིར་ཡོད། མཐུན་རྐྱེན་དེ་མཐུན་ཕྱོགས་སུ་བྱུང་ན། འགྲོ་བ་མིའི་རྣམ་དཔྱོད་ཀྱི་ཤེས་རབ་ལས་སླ་པོའི་ཐོག་ཡར་རྒྱས་འགྲོ་གི་ཡོད། འོན་ཀྱང་མཐུན་རྐྱེན་དེ་དག་འགལ་རྐྱེན་དུ་ཕྱིན་ན། མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བྱས་པ་ཙམ་དུ་མ་ཟད། ཤེས་རབ་འཆལ་བའི་ཕྱོགས་སུ་ཁྲིད་རྒྱུ་ལས་སླ་པོ་རེད། དེར་བརྟེན་མཐུན་རྐྱེན་སྦྱོར་སྟངས་ཐབས་ལམ་དང་དེའི་ཡན་ལག་གམ་ལག་ཆ་རྣམས་དེང་སྐབས་ཤེས་ཡོན་ནམ་སློབ་གསོ་ཞེས་བརྗོད་ཀྱི་ཡོད། སྔ་མོ་ཡིན་ན་བསླབ་པ་ཞེས་བརྗོད་ཀྱི་ཡོད། གང་ལྟར་སྒྲོམ་གཞི་དེའི་ནང་ཚུད་ཡོད། མིའི་རྣམ་དཔྱོད་ཤེས་རབ་ཡར་རྒྱས་འགྲོ་སྟངས་འདི་རང་བྱུང་གི་གནས་བབ་དང་མཐུན་པ་ཞིག་བྱུང་ན། དངོས་གནས་མཐུན་རྐྱེན་དུ་ཕྱིན་ཡོད། དེ་དང་མི་མཐུན་པར་བཅོས་མའི་ངོ་བོར་བཟོ་རྒྱུའི་ཕྱོགས་སུ་ཕྱིན་ན། འགལ་རྐྱེན་དུ་ཕྱིན་པ་རེད།
བར་སྐབས་ཤིག་ནས་སློབ་སྦྱོང་གི་མིང་ཐོག་ནས་མིའི་ཤེས་རབ་ཀྱི་རང་དབང་འཕྲོག་རྒྱུའི་ཐབས་ལམ་མང་པོ་ཞིག་ཆེད་དུ་གཉེར་ནས་བསྐྲུན་ཡོད། བསྐྲུན་པ་བཞིན་ཐབས་ལམ་དེ་ཚོ་བེད་སྤྱོད་བཏང་ནས་ད་ལྟའི་གནས་སྐབས་ལ་འགྲོ་བ་མིའི་སྤྱི་ཚོགས་ནང་རང་གི་བསམ་སྤྱོད་ཀྱི་ནུས་པ་དེ་རང་དབང་གི་ཐོག་ནས་ཡར་རྒྱས་མི་འགྲོ་བ་ཙམ་དུ་མ་ཟད། དེ་ཚོ་ཚང་མ་བསྟར་ཁོངས་ལྟ་བུ་གཅིག་གི་ནང་བླུག་སྟེ་གཅིག་པ་གཅིག་རྐྱང་དང་རང་དབང་མེད་པ་བཟོ་རྒྱུའི་གནས་ཚུལ་དེ་ཧ་ཅང་ཁྱབ་ཆེན་པོ་བྱུང་ཡོད་པ་དེ་ང་ཚོས་དངོས་གསུམ་གྱི་གཟིགས་བཞིན་པ་འདི་རེད།
སྲོལ་རྒྱུན་གྱི་སློབ་གསོ་གང་འདྲ་ཞིག་ཡིན་རུང་སློབ་གསོ་ལེན་མཁན་གང་ཟག་དེའི་ཁམས་དང་བསམ་པ། བག་ཆགས། མོས་པ་དེ་དག་ཞིབ་འཇུག་བྱས་ནས་དེ་དང་མཚུངས་པ་ཞིག་དང་། དེའི་ཕྱོགས་མཐུན་ཞིག་གི་ཐོག་འཁྲིད་རྒྱུའི་འབད་བརྩོན་བྱས་པ་མ་གཏོགས། སློབ་གསོ་སྤྲོད་མཁན་གྱིས་ཐོག་མ་ནས་སློབ་སྦྱོང་ཐོན་པའི་གྲུབ་འབྲས་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་དེ་སློབ་སྦྱོང་བྱེད་མཁན་ལ་མ་བལྟས་པར། སློབ་སྦྱོང་སྤྲོད་མཁན་གྱི་དགོས་མཁོ་རང་གི་ཐོག་ནས་ཆ་འཇོག་བྱས་པར་དེའི་དབང་གི་ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་འདི་བཅོས་མའི་འགྲོ་བ་མིའི་སྤྱི་ཚོགས་ཤིག་མ་གཏོགས་རང་བཞིན་གྱིས་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་ཆགས་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་དེའི་གནས་བབ་གསལ་པོ་ཞིག་ངོས་འཛིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ནང་ཤེས་ཡོན་གྱི་དགོས་པ་དང་། ཤེས་ཡོན་གྱི་དམིགས་ཡུལ། དེ་བཞིན་ཤེས་ཡོན་གྱི་ངོས་འཛིན། བཅས་གསལ་པོ་སྟོན་རྒྱུའི་ཐབས་ཤེས་ཞུས་ཡོད། སངས་རྒྱས་ཀྱིས་གདུལ་བྱར་ཆོས་གསུངས་སྐབས་གཅིག་མཐུན་རྩ་བ་ནས་མེད། ལོ་ཞི་བཅུ་ཙམ་རིང་རྒྱ༌གར་གྱི་ས་གནས་མང་པོ་ཕེབས་ནས་ཆེད་དུ་བྱ་བའི་གདུལ་བྱ་འབུམ་ཕྲག་མང་པོར་ཆོས་ཀྱི་རྣམ་གྲངས་ ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་གསུངས་ཡོད།
ང་ཚོ་ནང་པས་ཤོད་སྟངས་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་ཡོད། དེ་ཚོའི་ནང་མི་མཐུན་པ་ཤ་སྟག་རེད། མཚམས་རེ་ཡོད་གསུངས་པ་དེ་སྐབས་རེ་མེད་གསུངས་ཡོད། མཚམས་རེ་མེད་གསུངས་པ་དེ་སྐབས་རེ་ཡོད་གསུངས་ཡོད། མཚམས་རེ་ཡིན་གསུངས་ཡོད་ལ་སྐབས་རེ་མིན་གསུངས་ཡོད། མཚམས་རེ་མིན་གསུངས་ཡོད་ལ་སྐབས་རེ་ཡིན་ཞེས་གསུངས་ཡོད། དེར་བརྟེན་སྟོན་པ་གང་ཟག་གཅིག་གིས་ཆོས་ཀྱི་རྣམ་གྲངས་མི་མཐུན་པ་ཧ་ཅང་མང་པོ་གསུངས་པ་འདི་སྟོན་པས་ཐུགས་དྲན་མ་གསོས་པ་ཡིན་ནམ།
གང་འདྲ་བྱས་ནས་མི་མཐུན་པ་ཆགས་ཀྱི་ཡོད་དམ། གདུལ་བྱའི་ཁམས་དང་བསམ་པ་མི་འདྲ་བ་ཤ་སྟག་ཡིན་པར་བརྟེན། དེའི་དབང་གིས་གང་གདུལ་བྱའི་ཁམས་དང་བསམ་པ་མཐུན་པ་དེ་གསུངས་པ་མ་གཏོགས། སངས་རྒྱས་རང་ཉིད་ཀྱི་དགོངས་པ་དང་གཟིགས་ཚུལ་གང་ཡིན་པ་དེ་གདུལ་བྱའི་བློ་ཁ་མཐོ་དམའ་ཡོངས་རྫོགས་ལ་གསུངས་ཀྱི་མེད། དེ་གསུངས་ན་དོན་དུ་འགྱུར་གྱི་མེད། དེའི་རྒྱུ་མཚན་ནི་གང་ཟག་བྱེ་བྲག་པའི་ཁམས་མོས་བསམ་པ་དང་། ལྷག་པར་དེའི་ཤེས་རྒྱུད་ཀྱི་ཡར་རྒྱས་འགྲོ་ཕྱོགས་ཀྱི་ནུས་པ་དེར་ངོས་འཛིན་དང་རིན་ཐང་མ་སྤྲད་ཡིན་ན། སངས་རྒྱས་རང་ལ་གང་གསུང་རྒྱུ་ཡོད་པ་དེ་གསུངས་ན་གང་ཟག་དེ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད། ཚེ་འདི་མངོན་མཐོ་སྒྲུབ་པའི་ཐབས་ཤིག་ཡིན་ནའང་འདྲ། སྐྱེ་བ་གཏན་གྱི་མངོན་མཐོ་སྒྲུབ་པའི་ཐབས་ཤིག་ཡིན་ནའང་འདྲ། རང་གི་ཁམས་དང་མོས་པ་དང་མི་མཐུན་པའི་གནས་ཚུལ་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད།
དེང་རབས་ཤེས་ཡོན་གྱི་ལམ་སྲོལ་ནང་ལྟ་ཕྱོགས་དེ་ཆ་ཚང་མེད་པ་ཆགས་པ་རེད། དེར་བརྟེན་མི་ཚང་མ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་གང་འདྲ་ཞིག་བཟོ་ན་བཟོ་ཆོག་རྒྱུའི་རྒྱུ་ཆ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། མི་ལ་མིའི་འདུ་ཤེས་མེད། བཟོ་གྲྭའི་ནང་བཟོ་རྒྱུའི་རྒྱུ་ཆ་ (Raw material) ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། (Human Resource) མིའི་ནུས་པ་དེ་སློབ་གྲྭའི་ནང་(Develop) ཡར་རྒྱས་གཏོང་དགོས་ཀྱི་ཡོད། སློབ་གྲྭ་ནས་མར་ཐོན་ཡོང་སྐབས་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐོག་མ་ནས་ཐག་གཅོད་ཟིན་པ་རེད། དེ་སུས་ཐག་གཅོད་བཞིན་ཡོད་བརྗོད་ན། ཁྲོམ་རྭ་དང་བཟོ་གྲྭའི་བདག་པོ། གཞུང་གི་དབང་འཛིན་པ་ཚོས་ཐག་གཅོད་བྱེད་ཀྱི་ཡོད། གཞུང་གི་དབང་འཛིན་པ་ཚོར་གཞུང་གི་ལས་བྱེད་གང་འདྲ་ཞིག་དགོས་ཀྱི་ཡོད་པ། བཟོ་གྲྭའི་བདག་པོ་ཚོས་བཟོ་གྲྭ་ནང་ལས་བྱེད་གང་འདྲ་ཞིག་དགོས་ཀྱི་ཡོད་པ། རྒྱལ་སྤྱིའི་རྣམ་པ་ཅན་གྱི་ཚོང་བདག་དེ་ཚོས་ཁོང་ཚོར་ཚོང་སྒྲུབ་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་ལྟ་བུ་བཞིན་ཤེས་ཡོན་སློབ་ཁང་གི་སྡེ་ཚན་ཁག་ནང་ནས་མིའི་རྒྱུ་ཆ་རག་པ་དེ་དག་ཐོན་སྐྱེད་དུ་བཟོས་ནས་ཁོང་ཚོའི་ཁྲོམ་རྭའི་ནང་ཏག་ཏག་ཅིག་འགྲོ་ཐུབ་པ་ཞིག་བཟོ་གི་ཡོད། དེའི་དབང་གིས་མིའི་བསམ་བློའི་རང་དབང་ཆ་ཚང་འཕྲོག་པ་རེད། བསམ་བློ་དེའི་ཡར་རྒྱས་འགྲོ་ཕྱོགས་ཀྱི་ནུས་པ་གང་ཡོད་པ་དེ་རྩིས་མེད་དུ་བཏང་བ་རེད། མིར་རྒྱུ་ཆ་རགས་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་དེ་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་བརྡལ་བཤིག་ཆེ་ཤོས་ཤིག་ཡིན་པར་བརྩི་ཆོག་གི་རེད། འོན་ཀྱང་དེང་སང་འདིའི་བསམ་ཚུལ་རྩ་བ་ནས་མེད།
མི་དང་ལྕགས་ཀྱིས་བཟོས་པའི་འཁོར་ལོ་དང་ཀམ་པུ་ཊར་ལྟ་བུ་གཉིས་ལ་ཁྱད་པར་རྩ་བ་ནས་མཐོང་གི་མེད། ལྕགས་ཀྱིས་བཟོས་པའི་འཕྲུལ་འཁོར་གྱི་མི་(Robot) ལྟ་བུ་ཡིན་ན། དེའི་ནང་ལས་འཆར་གང་བླུགས་ཡོད་པ་དེ་ཕྱིས་སུ་མར་འདོན་རྒྱུ་ཡོད། ཀམ་པུ་ཊར་ནང་གང་བཅུག་ཡོད་པ་ཕྱིས་སུ་མར་འདོན་རྒྱུ་ཡོད་པ་ཞིག་རེད། དེ་མ་གཏོགས་ཀམ་པུ་ཊར་ལ་རང་དབང་གི་བསམ་བློ་གཏོང་དགོས་རྒྱུ་གང་ཡང་མེད། དེའི་ཁམས་མོས་བསམ་པའི་སྐད་ཆ་ཡང་མེད། མིར་ཁམས་མོས་བསམ་པའི་ཁྱད་པར་ཡོད། མི་ཚང་མ་གང་ཟག་བྱེད་བྲག་པ་དང་སྒེར་རེད། དེར་བརྟེན་དམིགས་བསལ་བ་ཞིག་རེད། ས་གོ་ལ་འདིའི་ཐོག་མི་ག་ཚོད་ཡོད་པ་དེ་ཚོའི་ནང་ནས་གདོང་པར་ཆ་བཞག་ན་གཅིག་པ་གཅིག་རྐྱང་དབྱེ་བ་རྩ་བ་ནས་མེད་པ་མཐོང་རྒྱུ་མེད། མཚེ་མ་ཡིན་ནའང་རྒྱང་ནས་བལྟས་ན་འདྲ་བོ་ཡོད་ཀྱང་འཁྲིས་ནས་བལྟས་ན་ཉི་མ་དང་ཟླ་བ་མིང་ཡོད་མཁན་གྱི་མཚེ་མ་གཉིས་ཡོད་ན་ཁོ་གཉིས་ཐ་དད་ངོ་ཤེས་རྒྱུ་ཡོད། གདོང་ཆུང་ཆུང་ཞིག་ལ་དེ་ཙམ་གྱི་མི་འདྲ་བ་ཡོང་དགོས་རྒྱུ་དེ་གང་རེད་ཅེ་ན། དེ་གང་ཟག་སྒེར་དང་བྱེ་བྲག་པ་ཞིག་ཡིན་པ་གསལ་པོ་མཚོན་གྱི་ཡོད། དེ་ཚོ་ཚང་མ་ལྕགས་དང་ས་ལྟ་བུ་གཅིག་གྱུར་བྱས་ནས་བསྟར་ཁུངས་གཅིག་ནང་བཅུག་ནས་གཅིག་མཚུངས་འདོན་རྒྱུའི་ཐབས་ཤེས་བྱས་པ་དེ་ཤེས་ཡོན་གྱི་ལམ་སྲོལ་ཡང་དག་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད།
དེ་བཞིན་དགེ་རྒན་ཚོས་ངོས་ནས་ཡིན་ནའང་སློབ་ཚན་དང་ལག་རྩལ་གང་འདྲ་ཞིག་མི་སུ་ལ་བསླབ་ཀྱང་གཅིག་མཚུངས་ཤིག་ཤེས་རྒྱུའི་ནུས་པ་ཡོད་པའི་བསམ་ཚུལ་འཁྱེར་ནས་འགྲོ་སྐབས་དེར་མངོན་པའི་ང་རྒྱལ་ཆགས་པ་རེད། ཇི་ཙམ་ཤེས་མིན་དང་ལག་རྩལལ་ཇི་ཙམ་ཐོན་མིན་ནི་གང་ཟག་བྱེ་བྲག་པ་སོ་སོའི་རང་བཞིན་གྱི་ནུས་པར་རག་ལས་པ་རེད་མ་གཏོགས་ཚང་མ་ལམ་སྟོན་བྱེད་མཁན་གྱི་འདོད་པ་བཞིན་འགྲོ་རྒྱུའི་ངེས་པ་མེད་པ་འདི་ཕྱོགས་གཉིས་ཀས་མཐོང་དགོས་པ་དང་ཤེས་དགོས་པ་རེད་མ་གཏོགས། འདི་མ་ཤེས་པ་ཡིན་ན་ད་ལྟའི་གནས་བབ་འདི་ཆགས་རྒྱུ་ཡིན། ད་ལྟའི་གནས་བབ་ལ་རང་དབང་དང་འདྲ་མཉམ། དྲང་བདེན་ཟེར་བ་དེ་དག་མིའི་སྤྱི་ཚོགས་ནང་ཁ་ནས་བརྗོད་རྒྱུའི་འབོད་ཚིག་ཅིག་ཆགས་ཡོད། ལྷག་པར་དུ་ཕ་རན་སིར་གསར་བརྗེ་བྱུང་རྗེས་ཚིག་འདི་དག་འཇིག་རྟེན་ཡོངས་ཁྱབ་ལ་རང་དབང་དང་དྲང་བདེན། འདྲ་མཉམ། མཉམ་འབྲེལ་ཟེར་བའི་ཚིག་འདི་དག་སུ་དང་སུས་ཀྱང་རྒྱུན་ལྡན་ཞིག་ཆགས་ཡོད། འོན་ཀྱང་སྤྱིར་དེང་རབས་དང་ལྷག་པར་དུ་ཤེས་ཡོན་དང་འབྲེལ་བའི་དེང་རབས་ཀྱི་ལམ་སྲོལ་འདིའི་ཐོག་འབོད་ཚིག་བཞི་པོ་དེ་དག་ཆེད་དུ་གཉེར་ནས་རྩ་མེད་གཏོང་མཁན་ལྟ་བུ་ཆགས་ཡོད། རང་དབང་ཆ་ཚང་འཕྲོག་བཞིན་ཡོད་པ་དང་། རང་དབང་ཆ་ཚང་འཕྲོག་རྗེས་འདྲ་མཉམ་ཡོང་རྒྱུ་མེད། ཕྱེད་ཀ་རང་དབང་འཕྲོག་མཁན་གྱི་སྡེ་ཚན་ནང་ཡོད། ཕྱེད་ཀ་རང་དབང་ཤོར་མཁན་གྱི་སྡེ་ཚན་ནང་ཡོད།
དེར་བརྟེན་འདྲ་མཉམ་གྱི་གཞི་རྩ་བརླགས་པ་རེད། འདྲ་མཉམ་གྱི་གཞི་རྩ་བརླགས་རྗེས་དྲང་བདེན་ཟེར་རྒྱུ་འདི་ཚིག་སྐམ་པོ་ཙམ་རེད། ཕྱོགས་གཅིག་དབང་བསྒྱུར་བ་པོ་དང་ཕྱོགས་གཅིག་དབང་བསྒྱུར་བྱ་ཆགས་ཟིན་རྗེས་དྲང་བདེན་ཡོང་རྒྱུ་མེད། དྲང་བདེན་མེད་ན་མཉམ་མཐུན་དང་མཉམ་འབྲེལ་ཡོང་མི་ཐུབ་པ་ཧ་ཅང་གསལ་པོ་ཡིན། མཐུན་སྒྲིལ་དང་མཉམ་རུབ་འདི་འགྲན་བསྡུར་མེད་ས་ཞིག་ལ་ཡོང་སྲིད་པ་ཞིག་རེད་མ་གཏོགས་འགྲན་བསྡུར་ཡོད་སར་ཡོང་མི་ཐུབ། འགྲན་བསྡུར་ཟེར་བ་འདི་རང་རྒྱལ་གཞན་ཕམ་ཐོག་ནས་བྱེད་དགོས། མཉམ་རུབ་འདི་གཅིག་རྒྱལ་གཅིག་ཕམ་པའི་སྐད་ཆ་མེད། གཉིས་ཀར་གཅིག་གྱུར་ཐོག་ནས་འགྲོ་དགོས་པ་ཞིག་ལ་མཉམ་རུབ་བརྗོད་ཀྱི་ཡོད། དེ་ཚོ་ཚང་མ་རྩ་མེད་ཕྱིན་པ་རེད། རྩ་མེད་གཏོང་མཁན་ནི་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་འདི་གཙོ་ཆེ་ཤོས་ཤིག་ཆགས་ཡོད། སྤྱིར་བཏང་འདིའི་རྒྱབ་ལྗོངས་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་སྲོལ་ཡོད་ཀྱང་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་སྲོལ་ནང་རང་དབང་དང་དྲང་བདེན། འདྲ་མཉམ་མེད་པ་ནི་མཉམ་རུབ་མེད་པ་བཟོ་རྒྱུའི་ལག་ཆ་ལྟ་བུ་ཤེས་ཡོན་གྱི་ལམ་སྲོལ་འདི་ཆགས་ཡོད། འདི་ང་ཚོས་གསལ་པོར་རྟོགས་མ་ཐུབ་ཚེ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གཏིང་ཟབ་པོའི་ཐོག་ནས་ར་འཕྲོད་རྒྱུར་དཀའ་ངལ་ཡོད། ད་ལྟའི་སྤྱི་ཚོགས་བརྒྱ་ཕྲག་ཉེར་གཅིག་པའི་སྤྱི་ཚོགས་འདི་དེང་རབས་གོང་མའི་དཔལ་ཡོན་གྱི་སྤྱི་ཚོགས་ཡིན་ཟེར་བཞིན་ཡོད། དེང་རབས་གོང་མའི་སྤྱི་ཚོགས་རྗེས་ལ་ག་པར་འགྲོ་གི་ཡོད་མེད་ཧ་གོ་རྒྱུ་མེད། དེང་རབས་གོང་མའི་རྗེས་ལ་འགྲོ་རྒྱུ་ཡོད་ན་རྩ་མེད་ཤུལ་མེད་ཟེར་རྒྱུའི་ཐོག་ལ་འགྲོ་རྒྱུ་ཡིན་གྱི་རེད། མར་ཏིན་ལུ་ཐར་ཀིངྒ་མཆོག་གི་གཏམ་བཤད་གཅིག་ཡོད། འདི་ངས་དངོས་ཡོད་གནས་ཚུལ་དང་ཧ་ཅང་མཐུན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཁོང་གིས་ང་ཚོས་འཚེ་བ་དང་འཚེ་མེད་ཞི་བའི་དབར་གདམ་ཁ་བྱ་རྒྱུའི་གོ་སྐབས་འདི་ཤོར་ཚར་བ་རེད།
ད་ལྟ་ང་ཚོར་གདམ་ཁ་གཉིས་ལྷག་ཡོད་པ་ནི་ཡང་ན་འཚེ་བ་མེད་པ་གདམ་རྒྱུ་དང་། ཡང་ན་རྩ་མེད་ཤུལ་མེད་གདམ་རྒྱུ་རེད། འཚེ་བ་མེད་པར་ཕྱིན་པ་ཡིན་ན་གཅིག་བྱས་ན་ང་ཚོ་ལྷག་རྒྱུ་རེད། འཚེ་བའི་ལམ་ལ་ཕྱིན་པ་ཡིན་ན་རྩ་མེད་ཤུལ་མེད་ཆགས་རྒྱུ་རེད་མ་གཏོགས་ལྷག་རྒྱུ་གང་ཡང་མེད། ཅེས་གསུངས་ཡོད། ད་ལྟའི་དེང་རབས་གོང་མའི་གནས་སྐབས་ཀྱི་སྤྱི་ཚོགས་དཔལ་ཡོན། ཆབ་སྲིད་ཀྱི་ལམ་སྲོལ། ཤེས་ཡོན་ལམ་སྲོལ། དཔལ་འབྱོར་གྱི་ལམ་སྲོལ་གང་གི་ཆ་ནས་ཀྱང་འགྲོ་བ་མི་ཙམ་དུ་མ་ཟད། ས་གོ་ལ་འདིའི་སྟེང་ཡོད་པའི་སྲོག་ཆགས་ཡོངས་སུ་རྫོགས་པ། དེའི་རྟེན་གཞི་ས་དང་བཅས་པ་ཚང་མ་རྩ་མེད་ཤུལ་མེད་གཏོང་རྒྱུའི་ཕྱོགས་སུ་མྱུར་ཚད་མཐོ་པོ་དང་ཤུགས་ཆེན་པོའི་ཐོག་ནས་འགྲོ་བཞིན་ཡོད་པ་ལས་རྒྱུན་གནས་ཐུབ་པའི་བསམ་ཚུལ་གང་ཡང་མེད།
རྒྱུ་མཚན་དེར་བརྟེན་ད་ལྟ་ནས་ལོ་བརྒྱ་དང་ལྔའི་སྔོན་དུ་བདག་ཉིད་ཆེན་པོ་གྷན་དི་མཆོག་གིས་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ཟེར་བ་འདི་ཧིན་དུའི་ཚིག་ཐོག་ནས་བརྗོད་ན་སྙིགས་མ་ལྔ་བདོལ་བའི་སྤྱི་ཚོགས་དང་། ཁ་ཆེའི་ཚིག་གི་ཐོག་ནས་བརྗོད་ན་བདུད་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་རེད། ཅེས་ཚིག་ཐག་ཆོད་པོས་གསུངས་དགོས་པའི་གནས་ཚུལ་འདི་དངོས་ཡོད་རང་རེད། ཇི་ལྟ་བ་བཞིན་དུ་གཟིགས་ནས་གསུངས་པ་ཞིག་རེད་མ་གཏོགས་སྒྲོ་འདོགས་དང་ཕྱོགས་ལྷུང་གི་སྐད་ཆ་ཞིག་རྩ་བ་ནས་མིན་པ་ནི་ད་ལྟ་ལོ་བརྒྱ་དང་ལྔའི་རྗེས་སུ་བསྐྱར་ལྡབ་བྱས་ནས་ལྟ་སྐབས་ར་སྤྲོད་གསལ་པོ་ཐུབ་བཞིན་ཡོད། དེར་བརྟེན་ང་ཚོས་ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་དམིགས་ཡུལ་ནང་རང་དབང་དང་པོར་འཇོག་དགོས་པ་འདི་རང་དབང་མེད་ན་འདུ་བ་མེད། རང་དབང་མེད་ན་རང་བཞིན་དུ་མི་གནས་། རང་བཞིན་དུ་མི་གནས་པའི་མི་ཞིག་གིས་རང་གི་དོན་སྒྲུབ་མི་ཐུབ་པ་མ་ཟད། གཞན་གྱི་དོན་དང་སྤྱི་ཚོགས། མི་རིགས་ཀྱི་དོན་སྒྲུབ་མི་ཐུབ། དེར་བརྟེན་མི་འདི་མིའི་ངོ་བོར་གྲུབ་པར་བྱེད་པར་ཁོར་དགོས་ངེས་ཀྱི་རང་དབང་དེ་ངེས་པར་དུ་དགོས། རང་དབང་མེད་ན་མི་དེས་ཇི་ཙམ་ཁྱད་འཕགས་ཡིན་ཟེར་ནའང་ཡང་ན་མི་འདིས་འཇིགས་སྣང་འོག་ལས་ཀ་བྱ་རྒྱུ་རེད། ཡང་ན་འདོད་རྔམ་འོག་ལས་ཀ་བྱ་རྒྱུ་རེད། རེ་དོགས་གཉིས་པོ་གང་རུང་མེད་པའི་ཤེས་པ་རང་བཞིན་དུ་གནས་པའི་ཐོག་ནས་ལས་ཀ་བྱ་རྒྱུའི་གོ་སྐབས་ཤོར་ཟིན་པ་རེད། ཞེད་སྣང་འོག་ངས་འདི་འདྲ་ཞིག་མ་བྱས་ཚེ་གོང་རིམ་གྱིས་བཀའ་བཀྱོན་དང་ཆད་པ་ཕོག་གི་རེད། གོ་གནས་ཤོར་རྒྱུ་རེད། གླ་ཆ་ཤོར་རྒྱུ་རེད་བསམ་པའི་ཞེད་སྣང་འོག་ལས་ཀ་བྱ་རྒྱུ་རེད།
ཡང་ན་ངས་ལས་ཀ་འདི་འདྲ་ཞིག་བྱས་ཚེ་གླ་ཆ་དང་ཁེ་སྤོག་རག་རྒྱུ་རེད། ཕོགས་ཐོབ་རག་རྒྱུ་རེད་བསམ་ནས་བྱ་རྒྱུ་རེད། དེ་མ་གཏོགས་པའི་བྱ་བ་གང་འདྲ་ཞིག་ཡིན་ནའང་འཕྲལ་ཕུགས་ལ་རང་ལ་ཇི་འདྲ་ཞིག་ཕན་རྒྱུ་རེད། གཞན་དང་སྤྱི་ཚོགས་ལ་ཇི་འདྲ་ཞིག་ཕན་རྒྱུ་རེད། སེམས་ཅན་སྤྱི་ཡོངས་ལ་ཕན་འབྲས་གང་འདྲ་ཞིག་ཡོང་བསམ་པའི་བསམ་བློ་གཏོང་རྒྱུའི་རང་དབང་དེ་ཤོར་ཟིན་པ་རེད། རང་དབང་དེ་ཡང་ནང་གསེས་གནས་བབ་གསུམ་ནང་ཆ་བགོས་བྱས་ནས་འདིའི་ནང་བཤད་ཡོད། རང་དབང་ཐམས་བཅད་ཀྱི་འབྱུང་ཁུངས་ལྟ་བུ་བསམ་བློའི་རང་དབང་རེད། བསམ་བློའི་རང་དབང་མེད་པ་ཡིན་ན་རང་དབང་གཞན་ཐམས་ཅད་ཕན་ཐོགས་མེད་པ་མ་ཟད་ཡོང་ཐབས་ཀྱང་མེད། བསམ་བློའི་རང་དབང་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གང་དགོས་བརྗོད་ན་རྒྱུ་མཚན་ལ་བསམ་བློ་གཏོང་ཤེས་པ་ཞིག་དགོས། དབྱིན་སྐད་དུ་ (Rationality) བརྗོད་བཞིན་ཡོད། རྒྱུ་མཚན་ལ་བསམ་བློ་བཏང་མ་ཤེས་པ་ཡིན་ན་གང་བྱས་ཀྱང་རྨོངས་ཞེན་ཐོག་ནས་བྱ་རྒྱུ་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་ལ་བསམ་བློ་གཏོང་ཤེས་པ་ཡིན་ན་བསམ་བློའི་རང་དབང་གི་འགོ་ཐོག་མ་དེ་རྙེད་རྒྱུ་ཡིན། བསམ་བློའི་རང་དབང་ཡོད་ཚེ་རྒྱུ་མཚན་ལ་བསམ་བློ་གཏོང་རྒྱུ་དང་ཞིབ་འཇུག་བྱ་རྒྱུ་དེ་ཡར་རྒྱས་འགྲོ་རྒྱུ་ཡིན། དེ་གཉིས་གཅིག་ཕན་གཅིག་གྲོགས་ཆགས་རྒྱུ་ཡིན།
དེར་བརྟེན་ཐོག་མར་མིས་ཤེས་པ་ཙམ་ལ་ཆ་མ་བཞག་པར་སོ་སོས་བརྟག་དཔྱད་བྱེད་དགོས། སངས་རྒྱས་ཀྱིས་རང་གི་གདུལ་བྱ་ཡོངས་སུ་རྫོགས་པར་ངས་གང་བཤད་པ་དེར་ཆ་འཇོག་མ་བྱས་པར་སོ་སོས་དེར་བརྟག་དཔྱད་བྱོས་ཞེས་གསུངས་པ་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།།