༢༠༡༤ ཟླ་ ༡ ཚེས་ ༢༡ རེས་གཟའ་མིག་དམར།
༄༅།། ཨིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ UWC Atlantic College, Wales ནས་རང་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་ཡོད་པ་ལྟར་ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དོན་ཚན་ཁག་ལ་ཐུགས་ཞིབ་ཀྱིས་འདི་ག་ཤེས་རིག་ལས་ཁུངས་སུ་འཚང་སྙན་མཉམ་གཤམ་གསལ་དགོས་མཁོའི་ཡིག་ཆ་བཅས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༠ འགྱངས་མེད་འབུལ་དགོས་རྒྱུ་དང་། གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་གཏོང་ཆེད་བརྡ་ལན་ཟུར་དུ་གཏོང་རྒྱུ་ཡིན། ཚུད་རྒྱུགས་ཀྱི་ལམ་ནས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ།
ཀ༽ གོང་གསལ་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འབུལ་ཕྱོགས།
༡། མཐོ་སློབ་ཁང་ནས་སློབ་ཡོན་དང་འཚོ་དོད། ཁང་དོད་དང་ཟས་དོད། (Tuition and Boarding fees)གནང་རྒྱུའང་། ལག་དངུལ་(Pocket Money)དང་གནམ་གླ་(Air fare)འགྲོ་གྲོན་ཆ་ཚང་རང་ངོས་ནས་ཐབས་ཤེས་དགོས་པ་ཡིན།
༢། འཚང་སྙན་འབུལ་མི་རྣམས་ ༢༠༡༣ ལོ་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པ་སློབ་ཐོན་དང་། ཉུང་མཐའི་བརྒྱ་ཆ་ ༦༠ ཡན་ལོན་པ། དེ་བཞིན་འབྲེལ་ཡོད་མཐོ་སློབ་ནས་ལོ་ཚད་ཆ་རྐྱེན་གཏན་འབེབས་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༧ ཟླ་ ༨ ཚེས་ ༡༧ རྗེས་སུ་སྐྱེས་པ་ཞིག་དགོས།
༣། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks-Card)གི་དཔར་བཤུས།
༤། རང་ཉིད་ཀྱི་ཕྱེད་དཔར་རྒྱབ་ལྗོངས་དཀར་པོ་ཡིན་པ་ ༢ མཉམ་འབུལ་དགོས་རྒྱུ་དང་།
༥། དོ་བདག་གི་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ (IC) ངོ་བཤུས་མཉམ་འབུལ་དགོས།
༦། དོ་བདག་དང་ཕ་མའི་རྒྱལ་དོན་དཔྱ་དངུལ་ཉུང་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༧། གནས་ཡུལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལག་དེབ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ བར་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས། གལ་ཏེ་དུས་འགྱངས་སླད་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་ཚེ་ལག་འཁྱེར་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་ངོ་མ་འབུལ་དགོས།
༼བལ་ཡུལ་དང་། འབྲུག་ཁུལ་གནས་སྡོད་རང་རིགས་སློབ་ཕྲུག་ནས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་འཛིན་ཐུབ་སླད་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་(རྒྱབ་གཉེར་མཉམ་སྦྱར་དགོས་པ་)ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སྦྱོར་ཡིག་ཆུང་འབུལ་དགོས།༽
༨། རང་གི་ཕ་མ་བོད་ནང་ཡོད་པའམ། ཁ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ། ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་ནས་ངོས་སྦྱོར་འབུལ་དགོས།
༩། ཤེས་ཡོན་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ཞིབ་བཤེར་ཟིན་པའི་འགན་ལེན་དག་མཆན་(Attestation)ཡོད་དགོས།
༡༠། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས།
༡༡། འདེམས་སྒྲུག་ལས་རིམ་སྐབས་སུ་རྒྱ་གར་ནང་གི་འགྲོ་གྲོན་ཆ་ཚང་རང་ངོས་ནས་གཏོང་དགོས་རྒྱུ།
༡༢། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་དགོས་པ་བཅས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༠ ལ།།
Secretary
Department of Education, CTA
Gangchen Kyishong
Dharamsala-176 215
Distt. Kangra (H.P.)
Tel: 01892-222572, 222721 Fax: 01892-223481
email: [email protected]
websites: www.tcewf.org or www.sherig.org