༢༠༡༤ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ནས་ ༧ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་ཀོ་ཅི་ (Kochi) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སན་ཨེལ་བྷར་ཊི་མཐོ་སློབ་ St. Albert College ཏུ་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། དེ་བཞིན་༸གོང་ས་མཆོག་གི་མཛད་འཕྲིན་ཁག་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་བོད་དོན་དངོས་བྱུང་གློག་བརྙན། དེ་བཞིན་ཕྱིལ་ལས་ཁུངས་ནས་བོད་དོན་ངོ་སྤྲོད་དང་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སོགས་ཀྱི་སྐོར་བསྐྱོད་ལས་གཞི་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
དེ་ཡང་གོང་བརྗོད་མཐོ་སློབ་ཏུ་པར་རིགས་འགྲེམས་སྟོན་གནང་སྐབས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཁྱོན་མི་གྲངས་ ༡༠༠༠ ལྷག་གིས་ཧ་ཅང་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད། ས་གནས་ཡུལ་མི་དང་ཁུལ་དེར་སུད་ཚོང་བོད་མི་ཁག་གཅིག་ནས་ཀྱང་དོ་སྣང་ཆེན་པོ་གནང་ཡོད། སྤྱིར་པར་རིགས་འགྲེམས་སྟོན་འདི་ནི་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་ཀོ་ཅི་བོད་ཀྱི་གྲོགས་པོ་Friends of Tibet, Kochi གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཐེངས་འདིར་འགྲེམས་སྟོན་དབུ་འབྱེད་དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་སྐུ་ཞབས་ཧེ་རི་ཁི་ལི་ཏ་སི་ Mr. Harry Cleetus ལགས་ཀྱིས་ཕྱི་ཚེས་ ༦ ཉིན་གནང་རྗེས་འགྲེམས་སྟོན་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་པར་རིགས་རྣམས་རིམ་བཞིན་སློབ་སྤྱིར་ངོ་སྤྲོད་ཞུས། དེ་ཡང་འགྲེམས་སྟོན་སྐོར་གསར་ཤོག་གྲགས་ཅན་རྒྱ་གར་གྱི་དུས་བབ་སོགས་དང་ས་གནས་ཡུལ་སྐད་ཀྱི་གསར་ཤོག་དང་བརྙན་འཕྲིན་སོགས་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད།