༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ Australian News Networkཞེས་པའི་གསར་འགོད་པ་སྐུ་ཞབས་ཇིམ་མི་ཌིལ་ཊོན་ Jim Middleton ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ལ་བཅར་འདྲི་ཞུས་ཡོད། དེ་ཡང་ཐོག་མར་བཀའ་བློན་མཆོག་གིས་ཁུལ་དེར་གནས་སྡོད་རྒྱ་རིགས་རྣམས་ལ་བརྡ་ལན་གང་ཞིག་སྤྲོད་བཞིན་ཡོད་པ་དང་ཁོང་ཚོའི་ངོས་ནས་ཡར་ལན་ཇི་འདྲ་བྱེད་ཀྱི་ཡོད་མེད་སྐོར་གྱི་དྲི་བར་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ང་ཚོས་རྒྱ་རིགས་ཚོ་དང་འབྲེལ་བ་ཤུགས་ཆེ་རུ་བཏང་སྟེ་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཐོག་ཕྱོགས་ལྷུང་མེད་པའི་ལྟ་ཚུལ་ཞིག་འཛིན་ཐུབ་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད། ང་ཚོས་རྒྱ་རིགས་ཚོར་ཞུ་རྒྱུའི་གནད་དོན་སྙིང་པོ་ནི། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་ལངས་ཕྱོགས་ཇི་འདྲ་ཞིག་འཛིན་བཞིན་ཡོད་པ་གསལ་པོ་བཟོ་ཆེད་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་གྲོས་མོལ་བརྒྱུད་རྒྱ་ནག་གི་མངའ་ཁོངས་སུ་བོད་མི་ཚོར་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན། ལངས་ཕྱོགས་དེར་ང་ཚོས་དབུ་མའི་ལམ། ཞེས་བརྗོད་བཞིན་ཡོད། དེར་བརྟེན་ང་ཚོས་རྒྱ་རིགས་རྣམས་ལ་བརྡ་ལན་སྤྲོད་རྒྱུའི་ནང་དོན་སྙིང་པོ་ནི། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་བོད་རིགས་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ས་ཁྱོན་གྱི་ཆིག་སྒྲིལ་བདག་དབང་ལ་རྩོད་ལེན་ནམ་ཡང་བྱེད་ཀྱི་མེད། ཅེས་ལན་འདེབས་གནང་།
དེ་རྗེས་གསར་འགོད་པས་བོད་མིའི་ནང་ལས་འགུལ་བ་ཁག་གཅིག་གིས་རང་བཙན་ཁོ་ན་རྩོད་བཞིན་ཡོད་པར་བརྟེན་ཁྱེད་རྣམ་པས་རྒྱ་རིགས་ཚོར་རང་སྲིད་རང་སྐྱོང་ལས་རང་བཙན་རྩོད་ཀྱི་མེད་བརྗོད་པ་དེར་ཁོང་ཚོས་ཡིད་ཆེས་ཇི་ཙམ་བྱེད་བཞིན་ཡོད་དམ། ཞེས་པའི་དྲི་བར་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན། ང་ཚོས་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་བཞིན་ཡོད། བོད་པའི་སྤྱི་ཚོགས་ནང་རང་བཙན་རྩོད་མཁན་ནི་བོད་མི་ཉུང་ཤས་ཤིག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ནི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་ང་ཚོས་དྲན་དགོས། དེར་བརྟེན་ལོ་མང་རིང་ནས་དུས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ང་ཚོས་ལངས་ཕྱོགས་འདིའི་ཐོག་ཡིག་ངག་གཉིས་ཐོག་ནས་ཤར་སྐྱོད་བྱེད་བཞིན་ཡོད་པ་དཔེར་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆ་གཉིས་ཀའི་ནང་གསལ་བཤད་བྱས་ཡོད།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
ཡིག་ཆ་དེ་གཉིས་ཕྱི་ལོ་ ༢༠༡༠ ལོར་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་སྤྲད་དེ་གལ་ཏེ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་ཞིག་ཡོད་ཚེ་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུ་མ་ཟད། ༸གོང་ས་མཆོག་སྐུ་སྒེར་ནས་ཀྱང་བོད་དོན་འགྲིག་འཇགས་ཡོང་ཆེད་རྒྱབ་སྐྱོར་ཇི་འདྲ་ཞིག་མཛད་དགོས་ཀྱང་མཛད་རྒྱུའི་གྲ་སྒྲིག་ཡོད་སྐོར་བཀའ་སྩལ་ཡོད། ཅེས་ལན་འདེབས་གནང་ཡོད།
དེ་ནས་གསར་འགོད་པས་དེང་སྐབས་རྒྱ་ནག་ནང་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་འགོ་ཁྲིད་གསར་པ་བསླེབས་ནས་ལོ་གཅིག་འཁོར་ལ་ཉེ་བའི་སྐབས་ཡིན་པ་དང་། སྲིད་འཛིན་ཞི་ནི་དེང་རབས་ཀྱི་བསམ་བློ་ཡོད་པའི་འགོ་ཁྲིད་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཁྱེད་རང་ལྟར་ན་རང་སྲིད་རང་སྐྱོང་དང་གྲོས་མོལ་སོགས་ཀྱི་ལངས་ཕྱོགས་དེར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་པའི་ཚོར་སྣང་ཡོང་གི་འདུག་གམ། ཞེས་པའི་དྲི་བར་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན། ད་ལྟ་བོད་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ ༡༢༤ བསླེབས་ཡོད། སྤྱིར་བོད་ནང་དུ་རང་ལུས་མེར་སྲེག་ཐོག་མ་ཕྱི་ལོ་ ༢༠༠༩ ལོར་བྱུང་ཡོད་ཀྱང་། རྒྱ་ནག་དཔོན་རིགས་གསར་པ་ཚོ་བསླེབས་པ་དང་སྟབས་བསྟུན་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད། དེར་བརྟེན་རྒྱ་ནག་འགོ་ཁྲིད་ཚོས་བོད་མི་ཆབ་སྲིད་མི་སྣ་ཙམ་མིན་པར་འབྲོག་པ་དང་ཞིང་པ།
དེ་བཞིན་དགེ་འདུན་པ་བཅས་སྤྱི་ཡོངས་ཀྱི་བོད་མིའི་མངོན་འདོད་གང་ཡོད་པ་དེར་དོ་སྣང་སྤྲོད་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། བོད་མི་དེ་དག་ནས་རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་སྔ་ཕྱི་བར་གསུམ་དུ་ལམ་ལྷོང་ཡོང་རྒྱུ་མིན་པའི་བརྡ་ལན་མུ་མཐུད་གསལ་པོ་སྤྲོད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་སྟོང་ཕྲག་མང་པོ་བཙན་དབང་གིས་གཞིས་སྤོས་བྱེད་བཅུག་པའི་སྲིད་བྱུས་དེ་དག་ལ་བོད་མི་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མེད། ཕྱོགས་མཚུངས་སློབ་གྲྭའི་ནང་དུ་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཀྱི་ཚབ་ཏུ་རྒྱ་སྐད་བཞག་སྟེ་རྒྱ་སྐད་མ་ཤེས་ན་ལས་ཀ་ཐོབ་རྒྱུ་མིན་སྐོར་དང་ལས་ཀ་ཐོབ་དགོས་ན་རྒྱ་སྐད་ཤེས་དགོས་པ་སོགས་རྒྱ་ནག་གཞུང་གིས་བརྗོད་བཞིན་ཡོད། བོད་མི་ཚོས་ཨུ་ཚུགས་ཀྱི་བོད་སྐད་བརྒྱུད་ལམ་འཇོག་རྒྱུའི་འབད་བརྩོན་བྱས་པ་དེ་ནི་རྒྱ་སྐད་ལ་སྡང་ཟུག་བྱས་པ་ཞིག་མིན། བོད་མི་ཚོས་ཀྱང་རྒྱ་སྐད་ཤེས་འདོད་ཡོད། འོན་ཀྱང་བོད་སྐད་དོར་ནས་རྒྱ་སྐད་སྦྱང་རྒྱུར་མོས་མཐུན་བྱེད་ཀྱི་མེད། བོད་མི་ཚོར་རང་གི་ཕྲུ་གུ་རྒྱ་སྐད་དང་བོད་སྐད་བརྒྱུད་ལམ་གང་དུ་གཏོང་རྒྱུའི་གདམ་ཁ་སྤྲོད་དགོས། ཞེས་ལན་འདེབས་གནང་ཡོད།
དེ་རྗེས་གསར་འགོད་པས་དེང་སྐབས་རྒྱ་ནག་དཔོན་རིགས་གསར་པ་ཚོའི་རྣམ་འགྱུར་ལ་ལྟ་སྐབས་རྒྱ་ནག་དཔོན་རིགས་གོང་མ་རྣམས་ལས་ལྷག་པ་བོད་མི་ཚོར་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་རྣམ་པ་འདུག དེར་བརྟེན་ཁྱེད་རང་ཚོ་སེམས་ཤུགས་མ་བརླགས་ཀྱང་སེམས་ཤུགས་ཆག་པའི་གནས་སྟངས་ཤིག་ཆགས་ཡོད་དམ། ཞེས་པའི་དྲི་བར་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན།
ངས་བསམ་པར་ང་ཚོ་སེམས་ཤུགས་ནམ་ཡང་ཆག་གི་མ་རེད། བོད་ཀྱི་གནད་དོན་ནི་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་གནས་ཡོད། འབྱུང་འགྱུར་ཡང་ང་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་བོད་ཀྱི་གནད་དོན་མུ་མཐུད་ནས་གནས་ཐབས་ཆེད་འབད་བརྩོན་རྒྱུན་སྐྱོང་བྱ་རྒྱུ་ཡིན། ང་ཚོའི་ཁ་གཏད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་གཅིག་དང་ཐུག་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོ་འདོད་ཀྱང་རུང་མ་འདོད་ཀྱང་རུང་བོད་ཀྱི་གནད་དོན་ངེས་པར་དུ་སེལ་དགོས་པ་ཆགས་ཡོད། འདི་ནི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཞིག་ཀྱང་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཚོར་འཁྱོག་བཤད་བྱས་ཏེ། བོད་དང་རྒྱ་ནག་གཉིས་དབར་ལ་གདམ་ཁ་བྱེད་དགོས་སྐོར་འགྲེལ་བརྗོད་ལོག་པ་བྱེད་བཞིན་ཡོད་པ་དེར་རྒྱ་རིགས་ཚོས་ཡིད་ཆེས་བྱེད་བཞིན་ཡོད། ང་ཚོས་འབོད་སྐུལ་ཞུ་རྒྱུར། གལ་ཏེ་ཁྱེད་རྣམས་རྒྱ་ནག་ལ་སེམས་ཐག་ཉེ་པོ་ཡོད་ན། རྒྱ་མི་རིགས་ཚོར་བོད་ཀྱི་གནད་དོན་སེལ་དགོས་པའི་སྐུལ་མ་གནང་དགོས། དེང་སྐབས་རྒྱལ་སྤྱིའི་ནང་དཔལ་འབྱོར་དང་ཆབ་སྲིད་གང་གི་ཆ་ནས་སྟོབས་ཤུགས་མངའ་ཐང་རྒྱས་བཞིན་ཡོད། འོན་ཀྱང་བཟང་སྤྱོད་ཀྱི་སྟོབས་ཤུགས་མེད། དེར་བརྟེན་གལ་ཏེ་བོད་ཀྱི་གནད་དོན་སེལ་ཐུབ་ཚེ་བཟང་སྤྱོད་ཀྱི་སྟོབས་ཤུགས་ཡོང་ཐུབ་ངེས་ཡིན། ཞེས་ལན་འདེབས་གནང་ཡོད།།