༢༠༡༤ ཟླ་ ༡ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༦ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གྲོང་ཁྱེར་སྦེར་སེ་སྦན་ (Brisbane) ནང་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལོ་རི་ས་ཝ་ཌར་Larissa Watersམཆོག་མཇལ་འཕྲད་སྐབས་གསུང་གསལ། དེ་རིང་ངས་སྐུ་ཉིད་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱིར་བཏང་ལྗང་ཁུ་ཚོགས་པ་ནི་བོད་ཀྱི་བདེན་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད་སྟབས། ད་དུང་ཡང་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང་ཆབས་ཅིག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རོགས་ཞུ་རྒྱུ་ཡིན། དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཤིག་ཆགས་ཡོད་པར་བརྟེན་དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུར་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་ཞུས་འདུག
ལྷག་པར་བཀའ་བློན་མཆོག་གིས་བོད་ཀྱི་དུས་སྟོན་གྱི་མཛད་སྒོའི་ཐོག་བོད་དོན་སྐོར་མི་མང་ལ་གསུང་བཤད་གནང་གྲུབ་མཚམས་ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་སྦེར་སེ་སྦན་ (Brisbane) ནས་མཁའ་ལམ་བརྒྱུད་གྲོང་ཁྱེར་(Melbourne) མེལ་བྷོན་ནང་ཕེབས་འབྱོར་གྱིས་ཁུལ་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྙིང་པ་ཁག་གཅིག་དང་གྲོས་ཚོགས་འོག་མའི་འཐུས་མི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་མེ་ཁལ་ཌོན་བིན་Michael Danbyམཆོག་དང་མཇལ་འཕྲད་གནང་འདུག ཕྱི་ཚེས་ ༢༨ ཉིན་བཀའ་བློན་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཚགས་ཤོག་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་གྲུབ་མཚམས་གྲོང་ཁྱེར་མེལ་བྷོན་ཁུལ་དུ་རྟེན་གཞི་བྱས་པའི་བརྙན་འཕྲིན་དང་རླུང་འཕྲིན་གྱི་གསར་འགོག་པ་ཁག་གཅིག་ལ་གསར་འགོད་ལྷན་ཚོགས་གནང་རྗེས་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་གྲུབ་མཚམས་གྲོང་ཁྱེར་ (Sydney ) སིད་ནིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག