༢༠༡༤ ཟླ་ ༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ཨེ་བྷི་སི་ABC Radioཞེས་པའི་གསར་འགོད་པ་སྐུ་ཞབས་སེན་ལམ་ Sen Lam ལགས་ཀྱི་བཅར་འདྲི་དང་ལེན་གནང་ཡོད། དེ་ཡང་གསར་འགོད་པས་ཐོག་མར་བཀའ་བློན་མཆོག་ལ་དྲི་བ་མ་བཏང་གོང་བཀའ་བློན་མཆོག་གིས་གསུང་དོན། ང་ཚོས་འདས་པའི་ལོ་འགའ་ཤས་ནས་རྒྱ་རིགས་སྤྱི་ཚོགས་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་བྱས་དང་བྱེད་མུས་ཡིན། འདི་ག་ཨོ་སི་ཊོ་ལི་ཡའི་ཁུལ་དུ་རྒྱ་རིགས་ཕོན་ཆེ་ཡོད་པར་བརྟེན་ང་ཚོས་དྲང་བདེན་ལ་དགའ་བཞིན་བོད་ཀྱི་གནས་ཚུལ་ངོ་མ་ཤེས་འདོད་པའི་རྒྱ་རིགས་རྣམས་ཐུག་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ང་ཚོས་ཁོང་རྣམ་དང་ཐུག་ནས་གནས་ཚུལ་ར་སྤྲོད་གང་ཞུ་རྒྱུ་ཡིན་བརྗོད་ན། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་ལས་རྒྱ་ནག་གི་ཆབ་སྲིད་དང་ས་ཁྱོན་ཆིག་སྒྲིག་གྱི་བདག་དབང་ལ་ཁ་གཏད་ལངས་པ་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད། ཅེས་གསལ་བཤད་གནང་།
དེ་རྗེས་སྐུ་ཞབས་སེན་ལགས་ཀྱིས་ཕྱི་སྡོད་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཐོག་དངོས་སུ་རྒྱབ་སྐྱོར་མ་བྱས་ཀྱང་གདུང་སེམས་མཉམ་སྐྱེའི་རྣམ་པ་བཏོན་པའི་ཚོར་སྣང་བྱུང་ངམ་ཞེས་པའི་དྲི་བར་བཀའ་བློན་མཆོག་གིས། རང་དབང་ཐོག་ནས་བསམ་བློ་གཏོང་མཁན་གྱི་ཕྱི་སྡོད་རྒྱ་རིགས་ཁྲོད་རིམ་བཞིན་བོད་ཀྱི་དངོས་ཡོད་གནས་སྟངས་ཐོག་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཕྱི་སྡོད་རྒྱ་རིགས་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ཐོག་འཁྱོག་བཤད་གང་བྱས་པ་དེ་ཙམ་མ་གཏོགས་དངོས་ཡོད་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ལ་བོད་མི་ཚོས་ངོས་ལེན་བྱེད་ཀྱི་མེད་པར་བརྟེན། བོད་ནང་དུ་ཞི་རྒོལ་གྱི་གནས་ཚུལ་བསྟུད་མར་བྱུང་ཡོད་པའི་སྐོར་ཤེས་ཀྱི་མེད། དེར་བརྟེན་ང་ཚོས་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་རྒྱ་ཆེ་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཕྱོགས་མཚུངས་རྒྱ་ནག་ནང་གི་མི་རབས་གསར་པ་ཚོའི་ཁྲོད་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་སྐོར་གང་ཡང་ཤེས་ཚོར་མེད། ང་ཚོའི་རེ་བར་ཕྱི་སྡོད་རྒྱ་རིགས་ཚོས་གནམ་བདེ་སྒོ་མོའི་ཐང་ཆེན་སྐོར་རིམ་བཞིན་དངོས་ཡོད་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱི་གསལ་རྟོགས་སྐབས་ཁོང་ཚོས་མ་ཤེས་པའི་གནས་སྟངས་མང་དག་ཅིག་གསལ་རྟོགས་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པའི་རེ་བ་ཞུ་བཞིན་ཡོད།
ཅེས་ལན་འདེབས་གནང་།
དེ་ནས་གསར་འགོད་པས་རྒྱལ་སྤྱིའི་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་ཧ་ཅང་སྤྲོད་ཐུབ་མཁན་གྱི་རྒྱ་ནག་གཞུང་ལ་བོད་མི་ཚོས་གདོང་ལེན་བྱ་རྒྱུའི་གནས་སྟངས་འདི་སྟོབས་ཤུགས་ཆེ་ཆུང་ཤོར་བའི་ཁྱད་པར་དེར་བསམ་ཚུལ་ཇི་ཡོད་ཅེས་དྲིས་བར་བཀའ་བློན་མཆོག་གིས། རྒྱ་ནག་ནི་དཔལ་འབྱོར་དང་ཆབ་སྲིད་གང་གི་ཆ་ནས་དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་འགྱུར་བཞིན་ཡོད་པ་དངོས་གནས་རེད། འོན་ཀྱང་ང་ཚོར་བདེན་པ་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་སྲིད་གཞུང་ཁག་ལ་བོད་ཀྱི་གནད་དོན་ཐོག་ཐེ་བྱུས་མི་བྱེད་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད། བོད་ཀྱི་གནད་དོན་ནི་བོད་མི་ཙམ་མ་ཟད། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དཀའ་ངལ་སེལ་ཐབས་བྱེད་མཁན་གྲངས་ཉུང་མི་རིགས་གཞན་དང་། དེ་བཞིན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་ཚོ་ལའང་བོད་མི་ཚོས་དཀའ་ངལ་རྣམས་འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱེད་དགོས་པའི་བརྡ་ལན་ཞིག་སྤྲོད་བཞིན་ཡོད། མི་ལོ་ལྔ་བཅུ་ལྷག་གི་རིང་ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་སྐྱོད་བྱས་ཡོད་པ་མ་ཟད། འབྱུང་འགྱུར་མུ་མཐུད་ཤར་སྐྱོད་བྱ་རྒྱུ་ཡིན། ད་ལྟ་ང་ཚོས་རྩོད་བཞིན་པའི་རང་སྐྱོང་གི་གནས་བབ་འདི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་འཁོད་པ་དེ་ལག་བསྟར་བྱ་རྒྱུ་ཙམ་རེད། དེང་སྐབས་ཆ་རྐྱེན་དེ་དག་ཡིག་ཐོག་ཙམ་ལས་ངོ་ཐོག་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་ཀྱི་མེད། ཅེས་ལན་འདེབས་གནང་།
དེ་རྗེས་གསར་འགོད་པས་བོད་ནང་རྒྱ་མི་རིགས་གཞིས་སྤོ་བྱེད་མཁན་ཚོས་ས་གནས་བོད་རིགས་ཚོ་དང་འབྲེལ་ལམ་ཇི་འདྲ་ཡོད་སྐོར་གྱི་དྲི་བར་བཀའ་བློན་མཆོག་གིས། བོད་རང་སྐྱོང་ལྗོངས་དང་ཉེ་འཁོར་ཞིང་ཆེན་ཁག་གི་ནང་ཕྱིན་ན་དཔོན་རིགས་མཐོ་གྲས་ཕལ་ཆེ་བ་རྒྱ་མི་རིགས་ཤ་སྟག་རེད། ཁོང་ཚོའི་ཁྲོད་ཧ་ཅང་ཉུང་ཤས་ཀྱིས་བོད་སྐད་ཤེས་པ་མ་གཏོགས་དེ་མིན་གྱིས་བོད་སྐད་ཤེས་ཀྱི་མེད། དེར་བརྟེན་དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོས་རང་སྐྱོང་གི་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད་པ་ཇི་ལྟར་བརྗོད་ཐུབ། རྒྱ་ནག་གཞུང་གིས་ས་གནས་བོད་མི་ཚོའི་ཡུལ་གོམས་གཤིས་ལུགས་དང་། སྐད་ཡིག་སོགས་ལ་བརྩི་བཀུར་མ་བྱས་པའི་ཁར་ས་གནས་སུ་རྒྱ་ནག་གཞུང་གིས་བོད་མི་རྣམས་དཔལ་འབྱོར་ཟུར་ཕུད་བྱས་པ་མ་ཟད། བོད་ནང་གཏེར་ཁ་སྔོག་འདོན་བྱས་པ་དང་། སློབ་གྲྭའི་ནང་སློབ་ཁྲིད་བརྒྱུད་ལམ་བོད་སྐད་ཚབ་ཏུ་རྒྱ་སྐད་འཇོག་པ་དེ་དག་ལ་བོད་མི་ཚོས་ངོས་ལེན་ནམ་ཡང་མ་བྱས་པར་བརྟེན། བོད་མི་ཚོས་རང་སྐྱོང་གི་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད་སྐོར་ཇི་ལྟར་བརྗོད་ཐུབ། གནས་སྟངས་འདི་དག་ནི་འདས་པའི་ལོ་ཤས་ནང་བྱུང་བ་ཞིག་ཡིན། ཞེས་ལན་འདེབས་གནང་།
དེ་རྗེས་གསར་འགོད་པས། བོད་ནང་གི་བོད་མི་མི་རབས་གསར་པ་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོས་ལེན་བྱ་རྒྱུ་ཡིན་ནམ། ཞེས་པའི་དྲི་བར་བཀའ་བློན་མཆོག་གིས། དེང་སྐབས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༡༢༤ ཆགས་ཡོད་པར་བརྟེན། གཞིས་ལུས་བོད་རིགས་ཚོས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཞུང་ལ་སྟོབས་ཤུགས་ཇི་ཙམ་ཡོད་ཀྱང་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེར་བོད་མི་ཚོས་ངོས་ལེན་བྱེད་ཐབས་མེད་པའི་བརྡ་ལན་ཞིག་གཏོང་བཞིན་ཡོད། དེར་བརྟེན་བོད་ཀྱི་གནད་དོན་འདི་ཡལ་འགྲོ་ཐབས་རྩ་བ་ནས་མེད།
བོད་ནང་དང་བཙན་བྱོལ་ནང་ནས་བོད་མི་མི་རབས་གསར་པའི་ཁྲོད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གཉིས་ལྡན་ཐོག་ནས་ཐབས་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་རེད། དེང་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་བཀའ་སློབ་མཛད་པ་དེ་དག་ལ་རྒྱལ་སྤྱིའི་ནང་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་སློབ་དེ་དག་བོད་མིའི་ཐུན་མིན་རིག་གཞུང་མཚོན་བཞིན་ཡོད། རིག་གཞུང་འདི་དེང་སྐབས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྟེན། ང་ཚོས་བོད་ཀྱི་རིག་གཞུང་དང་༸གོང་ས་མཆོག་གི་དབར་འབྲེལ་བ་ཇི་ཡོད་རྒྱལ་སྤྱིའི་སྤྱི་ཚོགས་ནང་གསལ་རྟོགས་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་ལན་འདེབས་གནང་ཡོད།།