༢༠༡༤ ཟླ་ ༡ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཨོ་སི་ཊོ་ལི་ཡའི་ཁུལ་དུ་བདུན་ཕྲག་གཅིག་ལྷག་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༠ ཉིན་བཀའ་བློན་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ (ABC) ཞེས་པའི་སྔ་དྲོའི་ལས་རིམ་ཐོག་བོད་དོན་དང་འབྲེལ་བའི་སྐོར་བཅར་འདྲི་དང་ལེན་གནང་སྟེ་གསུང་དོན། ཕྱི་ལོ་ ༢༠༠༩ ནས་ད་ལྟ་བར་དུ་བོད་ནང་གི་བོད་མི་ ༡༢༤ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་བོད་མི་ ༡༠༧ འདས་གྲོངས་སུ་གྱུར་ཡོད། དེ་དག་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། ཁོང་རྣམ་པ་ནི་བོད་ནང་རང་དབང་དགོས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་བཅུག་དགོས་པའི་ཞི་རྒོལ་གནང་མཁན་ཤ་སྟག་ཆགས་ཡོད། སྤྱིར་བཏང་བོད་ནང་ཆོས་དད་རང་དབང་དང་རིག་གཞུང་གང་ཅིའི་ཐོག་རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་མི་རིགས་མང་དག་ཅིག་བོད་ནང་གནས༌སྤོ་བྱས་དང་བྱེད་མུས་རེད། དེར་བརྟེན་བོད་པའི་གཞོན་སྐྱེས་མང་པོ་ཞིག་བོད་ནང་ལས་མེད་དུ་གྱུར་བའི་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་ཆགས་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་དང་ལྷན་ཚོང་དོན་འབྲེལ་བ་བྱེད་རྒྱུ་ནི་གལ་ཆེན་ཡིན་པ་ང་ཚོས་ཤེས་རྟོགས་ཡོད། འོན་ཀྱང་ཚོང་དོན་གྱི་འབྲེལ་ལམ་གནང་བ་དང་དུས་མཚུངས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་གསུངས་འདུག་པ་བཅས། །